འདུན་པ་དང་ཕུགས་སེམས་གང་ན་ཡོད་ན་ཕྱོགས་དེར་སྤོབས་པ་ཆེན་པོས་འབད་ཤིག །
རྒྱ་ཆེའི་མཚོ་སྔོན་གྱི་སློབ་མ་རྣམས་ལ་སྤྲིངས་པའི་འཕྲིན་ཞིག
མཛའ་ཞིང་བརྩེ་བའི་མཚོ་སྔོན་གྱི་སློབ་གྲོགས་རྣམས་ལ།
སྟོན་ཟླ་ཕར་ལ་བསྐྱལ་ཞིང་དགུན་དུས་ཚར་ལ་བསུས་ཏེ་ལོ་འཁོར་མོ་གཅིག་མཇུག་རྫོགས་ལ་ཉེ་བའི་ཆར། རྣམ་ཀུན་ཡིད་ལ་དྲན་ཞིང་ཉར་བའི་སྙིང་གཏམ་དག བདག་ངོ་འཕྲད་པ་བཞིན་གྱི་འཕྲིན་འདིར་བཅོལ་བ་ལགས། བགྲང་བྱ་དུ་མ་འདས་པའི་རིང་དུ། ཁྱེད་ཅིག་གིས་གཞོན་ནུ་ཞིག་གི་བྱང་ཁོག་ན་ལྷོག་ལྷོག་ཏུ་འཕྱུར་བའི་ཕུགས་འདུན་འཁོལ་པོ་ཉར་ཏེ། ཕ་ཡུལ་གྱི་མཛེས་སྡུག་ལྡན་པའི་རི་ཆུ་ནགས་གསུམ་དང་དུང་ཞེན་འོ་མཚོ་ལས་ཟབ་པའི་ནང་མི་སྤུན་མཆེད་དང་རྒྱང་དུ་གྱེས་ནས་ཤེས་བྱའི་ཉིང་བཅུད་བསྡུ་བར་གཞན་ཡུལ་ཕྱོགས་སུ་མཆིས་ཤིང་འབད་པ་ཆེན་པོས་སློབ་ལ་བརྩོན། ད་ནི་མདུན་ལམ་གསར་པ་ཞིག་ལ་སྙེག་སྟེ་ལེའུ་གསར་པ་ཞིག་གི་མགོ་བརྩམས་པའི་དུས་ལ་བསླེབས་ཡོད་པས། ཁྱེད་ཅག་གིས་ཞལ་བཟང་ཉི་འོད་ལ་ཕྱོགས་ཏེ་འདུན་མའི་མཁའ་དབྱིངས་སུ་སྤོབས་པ་ཆེན་པོས་གཤོག་རྩལ་ཅི་དགར་ངོམ་ཐུབ་པར་ང་ལ་ཡིད་ཆེས་ཆེན་པོ་ཡོད། དུས་ད་ལྟ་ཁྱེད་ཅག་གང་དུ་ཡོད་ན་ཡང་སེམས་ལ་འཛིན་རྒྱུ་ཞིག་ནི། ཕ་ཡུལ་གྱིས་དུས་དང་རྣམ་པ་ཀུན་ཏུ་ཁྱེད་ཅག་ནི་རང་རེའི་གཟི་བརྗིད་དང་ལ་རྒྱ་ཞིག་ཏུ་མཐོང་སྟེ། ཁྱེད་ཅག་གི་འཚར་ལོངས་དང་ཡར་རྒྱས་ལ་ནམ་རྒྱུན་སེམས་ཁུར་བྱེད་ཞོར་དུ་སློབ་འབྲས་བཟང་པོ་ཞིག་བླངས་ནས་ཕྱིར་ལོག་ཏེ་ཕ་ཡུལ་ལ་དྲན་བཟོ་བར་རེ་སྒུག་བྱས་ཡོད་པ་འདི་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རླབས་ཆེན་གྱི་བྱ་གཞག་ནི་དང་པོ་ཕུགས་འདུན་ལས་བརྩམས་པ་ཡིན་ལ། གསར་གཏོད་ནི་རྨང་གཞི་དང་གྲུབ་འབྲས་ནི་ལག་ལེན་ཁྲོད་བྱུང་བ་ཡིན་ཞེས་གསུངས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་མཚོན་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མངག་བཅོལ་ཟབ་མོ། མཚོ་སྔོན་མི་དམངས་ཀྱི་རེ་སྒུག་དང་རེ་ལྟོས་བཅས་ཕྲག་འགན་ཏུ་བླངས་ཡོད། དེང་གི་ཆར་མཚོ་སྔོན་ཡང་ཧ་ཅང་གལ་ཆེ་ལ་གནད་འགག་གི་འཕེལ་རྒྱས་དུས་སྐབས་ཤིག་ལ་བསླེབས་ཡོད་དེ། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག ཚྭ་མཚོའི་ཐོན་ལས་གོང་སྤེལ་ལ་ཐོད་བརྒལ་གསར་པ་བྱུང་ཞིང་། ནུས་ཁུངས་གཙང་མར་འཕེལ་རྒྱས་གསར་པ་བྱུང་། སྐྱེ་ཁམས་ཡུལ་སྐོར་ཐེམ་སྐས་གསར་པ་ཞིག་ལ་སྙེག་ཅིང་། ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ལས་ལ་འཕེལ་རྒྱས་གསར་བ་བྱུང་ནས་ཐོན་ལས་ཀྱི“གནས་བཞི”བསྐྲུན་པའི་གོམ་ཁ་བརྟན་ཞིང་མྱུར་བར་སྐུལ་འདེད་ཐུབ་ཡོད། དེ་དང་ཆབས་ཅིག དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་། འབྲི་ཆུའི་དཔལ་འབྱོར་ཁུལ། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ལེགས་གོང་སྤེལ་གྱི་འཐབ་ཇུས། ཁ་མཐུན་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས། ལན་གྲུ་ནས་ཟི་ལིང་བར་གྱི་གྲོང་ཁྱེར་ཚོགས་འཛུགས་སྐྲུལ་མཉམ་སྐུལ་ལ་སོགས་འཐབ་ཇུས་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པས། ཕྱོགས་ཐམས་ཅད་ནས“གསར་པ”ཡིན་པའི་མཚོ་སྔོན་ལ་ཀུན་གྱིས་དོ་སྣང་ཆེན་པོ་ཐོབ། སློབ་གྲོགས་རྣམ་པ། ཐོབ་དཀའ་བའི་འཐབ་ཇུས་ཀྱི་གོ་སྐབས་བཟང་པོ་འདི་འདྲ་ཞིག་ལ་འཕྲད་གྱུར་བས་ད་ལྟ་འཆར་ཇུས་ནི་བཀོད་ཟིན་པས་ལག་ལེན་ལ་འབད་པའི་སྐབས་སུ་བབ་ཡོད།
འཇོན་མིའི་མཐུན་རྐྱེན་འཛོམས་ན་དཔྱིད་དཔལ་དུས་སུ་རྒྱས་ཐུབ། ཉེ་བའི་ལོ་རིང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་དུས་རབས་གསར་པའི་འཇོན་མིའི་ལས་དོན་ལེགས་པར་བསྒྲུབ་དགོས་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་ནས་ལག་ལེན་དོན་འཁྱོལ་བྱས་ཤིང་། ཏང་གིས་འཇོན་མིར་དོ་དམ་བྱས་ནས་གོང་འོག་གཅིག་མཐུན་ཡོང་བའི་བླང་བྱ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་པ་དང་། འཇོན་མི་ཡི་ཞིང་ཆེན་སྟོབས་ཆེན་དུ་བསྒྱུར་བར་ལག་བསྟར་ཅི་ཐུབ་བྱས་པ་སྟེ། འཇོན་མི་དར་སྤེལ་གྱི་ལམ་ལུགས་ལམ་སྲོལ་ལ་བཅོས་སྒྱུར་ལྷོད་མེད་དང་། འཇོན་མི་ཕྱོགས་བསྡུས་གོང་སྤེལ་གྱི་ཁོར་ཡུག་ལེགས་སྒྱུར། འཇོན་མིའི་ཞབས་ཞུ་འགན་སྲུང་གི་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད། འཇོན་མིར་སྐུལ་སྤེལ་གྱི་སྲིད་ཇུས་བྱེད་ཐབས་ལག་ལེན་དོན་འཁྱོལ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འཇོན་མི་སྐྱེད་སྲིང་དང་། ནང་འདྲེན། འཇོན་མི་ཉེར་སྤྱོད་བཅས་ཀྱི་ལམ་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་འཇོན་མིའི་མཐོ་ས་ནུས་ཤུགས་ཆེན་པོས་བསྐྲུན། དུས་རབས་གསར་པར་བསླེབས་ཤིང་། རྒྱང་ལམ་གསར་པར་སྙེག་པའི་སྐབས་འདི་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རྒྱལ་ཡོངས་དང་མཉམ་དུ“རྒྱལ་ཁབ་ཀྱི་དོན་ཆེན”འགན་དུ་བླངས་ནས་དེང་རབས་ཅན་འགྱུར་འཛུགས་སྐྲུན་བྱེད་དགོས་པས། མཚོ་སྔོན་ལ་དེ་ལས་ལྷག་པའི་འཇོན་མི་ཡི་རྒྱབ་སྐྱོར་དགོས་ལ། མཚོ་སྔོན་ལ་སྡེ་སོ་སོའི་འཇོན་མི་མི་འདྲ་བ་སྐྱེད་སྲིང་ཐུབ་པའི་ནུས་པ་ཡང་ལྡན། ད་ལྟའི་མཚོ་སྔོན་ལ་གསར་གཏོད་ཀྱི་སྤོབས་པས་ཁེངས་ཡོད་དེ། བློ་གཤོག་ཡངས་རིང་དུ་བརྐྱངས་ནས་དུས་དང་རྣམ་པ་ཀུན་ཏུ་ཚང་མའི་འཇོན་ཐང་ངོམ་སོ་དང་། བྱས་རྗེས་དང་ལེགས་སྐྱེས་ཆེན་པོ་འཇོག་སའི་སྡིངས་ཆ་ཡངས་པོ་ཞིག་ཚགས་སུ་ཚུད་ནས་ཡོད་པས། ད་ནི་ཁྱུང་ཆེན་ཚང་ལ་འབབ་པར་ངང་སྒུག་བྱས་ནས་ཡོད། སླད་ཕྱིན་ངེད་ཅག་གིས་མཚོ་སྔོན་གྱི་ལུང་པ་འདི་ནས་འཚར་ལོངས་བྱུང་པའི་ཁྱེད་ཅག་ཕ་ཡུལ་དར་སྤེལ་གྱི་ལས་སུ་ཞུགས་ནས་མཚོ་སྔོན་ལ་རྒྱུས་མངའ་དང་། མཚོ་སྔོནལ་དགའ་ཞེན། མཚོ་སྔོན་དར་སྤེལ་གཏང་བའི་འཛུགས་སྐྲུན་མཁན་ཞིག་ཏུ་འགྱུར་བར་ལྷག་བསམ་ཟོལ་མེད་དང་སྤྲོ་སེམས་ཁོལ་པོས་རེ་སྒུག་བྱས་ཡོད།
ཕུགས་འདུན་ཇི་ལྟར་ཆེ་ན་འདུན་ལམ་དེ་ལྟར་ཡངས། མཐོན་པོ་རྩེ་རུ་འགྲེང་ན་ད་གཟོད་ཆུ་ཆེན་གྱི་རླབས་འགྱུར་རྒོད་པོ་ཐུལ་ལ་འཛིན་ཐུབ་ཅིང་། རི་ཚོགས་ཀྱི་རྩེ་མོར་བུད་ན་ད་གཟོད་རླུང་ཆེན་གྱི་རྒྱུ་ཤུགས་དྲག་པོ་ངང་གིས་རྟོགས་ཐུབ་པ་བཞིན། སློབ་གྲོགས་རྣམས་ཀྱི་མདུན་ལམ་ནི་རྒྱ་ཆེ་ཞིང་ཡངས་ལ་ཟེར་འོད་ལམ་ལམ་དུ་འཕྲོས་ཡོད་པས། མཚོ་སྔོན་གྱི་མ་འོང་བ་ཁྱེད་ཅག་གིས་བསྐྱང་པར་སྒུག་ཡོད་ལ། མཚོ་སྔོན་གྱི་འཛུགས་སྐྲུན་ཁྱེད་ཅག་གིས་བརྩོན་པར་སྒུག་ཡོད། ཕ་ཡུལ་དང་མི་དམངས་ཀྱི་ཆེད་དུ་གཞོན་ཤ་དར་ལ་བབ་པའི་བཟང་སྒང་འདིར་ཁྱེད་ཅག་གིས་འཇའ་ཚོན་བཞིན་མཛེས་ཤིང་མེ་ཏོག་བཞིན་བཀྲ་བའི་ལེགས་སྐྱེས་འབུལ་རོགས་ཤིག།
མཐར་ཁྱེད་ཅག་གི་མདུན་ལམ་མཁའ་ལྟར་ཡངས་ཤིང་། ཕུགས་ཀྱི་འདུན་མ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ།
ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཇོན་མིའི་ལས་དོན་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་།
2023ལོའི་ཟླ11ཚེས23ཉིན།