གཉེན་སྟོན་དང་འདས་མཆོད་རྒྱ་ཆེན་སྒྲིག་འགལ་ངང་བསྒྲུབས་པའི་གནད་དོན་དཔེ་མཚོན་ཅན་ལྔ་ཐེར་འདོན་བྱས་པའི་སྐོར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

སྒྲིག་ཁྲིམས་སྔར་བས་ཇེ་དམ་ཇེ་བཙན་དང་།  ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྲུང་རགས་སྔར་བས་ཇེ་བརྟན། བྱ་སྤྱོད་བཅོས་སྒྱུར་ལ་ཤུགས་སྣོན།  སྲོལ་བཟང་དར་སྤེལ་ལ་སྐུལ་འདེད།    དྲང་བདེན་དྲང་གཞག་གི་ལམ་སྲོལ་དར་སྤེལ་བཅས་བྱ་ཆེད།  ཉེ་ལམ་སྒྲིག་འགལ་གྱི་ངང་ནས་གཉེན་སྟོན་དང་འདས་མཆོད་རྒྱ་ཆེན་བསྒྲུབས་པའི་གནད་དོན་དཔེ་མཚོན་ཅན་ཐེར་འདོན་བྱས་པ་གཤམ་གསལ།

ནུབ་རྒྱུད་གཏེར་ལས་སྡེ་ཤོག་ཚད་ཡོད་ཀུང་སིའི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཧའེ་མིང་གིས་སྒྲིག་འགལ་ངང་འདས་མཆོད་རྒྱ་ཆེན་བསྒྲུབས་པའི་གནད་དོན།
      2021ལོའི་ཟླ7པར། ཁྲེན་ཧའེ་མིང་གིས་རང་གི་ཨ་ཕ་ཚེ་ལས་འདས་པའི་འདས་མཆོད་བསྒྲུབས་པའི་གནས་ཚུལ་དངོས་གོང་རིམ་ལ་ཇི་མ་ཇི་བཞིན་སྙན་ཞུ་མ་བརྒྱབ་ཅིང་།  དོ་དམ་དང་ཞབས་ཞུ་བྱ་ཡུལ་ལས་ཁུངས་མྱ་ངན་དུ་ཞུས་པ་མ་ཟད་ལེགས་སྐྱེས་སྒོར་ཁྲི9.99རྫོངས་ལེན་བྱས་ཡོད་པ། དེ་མིན་ཁོ་ལ་ད་དུང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་གཞན་དག་ཀྱང་ཡོད་པས། 2023ལོའི་ཟླ10བའི་ནང་ཁྲེན་ཧའེ་མིང་ཏང་ཁོངས་དང་གཞུང་བསྐོས་ཀྱི་ལས་གནས་གཉིས་ལས་དབྱུང་བ་མ་ཟད། སྒྲིག་འགལ་གྱི་ཐོབ་བྱ་ཚང་མ་རྩིས་ལེན་བྱས་པ་དང་། འབྲེལ་ཡོད་ཉེས་བསགས་ཀྱི་གནད་དོན་དག་ཞིབ་བཤེར་ལས་ཁུངས་སུ་སྐྱེལ་ནས་ཁྲིམས་ལྟར་ཞུ་གཏུག་ཞིབ་བཤེར་བྱས།   

ཡུལ་ཤུལ་ཁུལ་གྱི་དམངས་འཐུས་ཚོགས་ཆེན་ཞིང་འབྲོག་དང་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོབ་ཨུ་ལྷན་གྱི་ཀྲུའུ་རེན་ཕུན་ཚོགས་ཟླ་བས་བུ་མོའི་གཉེན་སྟོན་སྒྲིག་འགལ་ངང་བཤམས་པའི་གནད་དོན། 
      2023ལོའི་ཟླ7པར།  ཕུན་ཚོགས་ཟླ་བས་རང་གི་བུ་མོར་གཉེན་སྟོན་གཟབ་རྒྱས་བཤམས་པའི་གནས་ཚུལ་ངོ་མ་ཇི་མ་ཇི་བཞིན་དུ་སྙན་ཞུ་མ་བརྒྱབ་པ་སྟེ། གཉེན་སྟོན་ལ་ཕེབས་མཁན་གྱི་མི་འབོར་སྙན་ཞུ་ལས་མི800ལྷག་དང་།  གཏོང་སྒོ་སྒོར་ཁྲི11ལྷག    རླངས་འཁོར23བཅས་བརྒལ་ཡོད་པས། 2023ལོའི་ཟླ9པར།  ཕུན་ཚོགས་ཟླ་བ་ལ་ནས་ཏང་ནང་ཁུལ་ནས་ཐ་ཚིག་བསྒྲགས་ཏེ་ཆད་པ་བཅད།   

མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་ནོར་སྲིད་ཅུས་ཀྱི་ཏང་ཙུའུ་ཧྲུའུ་དང་ཅུས་ཀྲང་ལི་ཀུའེ་ཞང་གིས་རང་གི་བུ་ལ་ལས་ཞུགས་ཀྱི་གསོལ་སྟོན་སྒྲིག་འགལ་ངང་བཤམས་པའི་གནད་དོན། 
       2022ལོའི་ཟླ8པར། ལི་ཀུའེ་ཞང་གིས་རང་གི་བུ་གཞུང་ཞབས་པར་རྒྱུགས་འཕྲོད་པའི་ལས་ཞུགས་ཀྱི་གསོལ་སྟོན་བཤམས་ཏེ།  དོ་དམ་དང་ཞབས་ཞུ་བྱ་ཡུལ་མི་སྣ11གདན་ཞུས་པར་མ་ཟད།དངུལ་སྒོར་གྱི་ལེགས་སྐྱེས་ཀྱང་བླངས། དེ་བཞིན་དུ་མོ་ལ་སྒྲིག་འགལ་གྱི་གནད་དོན་གཞན་དག་ཀྱང་ཡོད་པས། 2023ལོའི་ཟླ8པར་ལི་ཀུའེ་ཞང་ལ་ཏང་ནང་ཁུལ་ནས་ཐ་ཚིག་བསྒྲགས་ཏེ་ཆད་པ་བཅད་པ་མ་ཟད། སྒྲིག་འགལ་གྱི་ཐོབ་བྱ་ཚང་མ་རྩིས་ལེན་བྱས།

ཟི་ལིང་གྲོང་ཁྱེར་ཧུང་ཀྲུང་ཆུས་ཞིང་ལས་འཕྲུལ་ཆས་འོས་སྦྱོར་ཁྱབ་གདལ་ས་ཚིགས་ཀྱི་མགོ་གཙོ་ཀའོ་ཝེ་ཧུའུ་ཡིས་འདས་མཆོད་སྒྲུབ་པའི་དོན་དག་སོགས་གསང་ནས་ཡར་ཞུ་མ་བྱས་པའི་གནད་དོན། 
      2018ལོ་ནས2019ལོའི་བར་དུ། ཀའོ་ཝེ་ཧུའུ་ཡིས་རང་གི་ཨ་མའི་འདས་མཆོད་བསྒྲུབས་ཚུལ་དང་ཁང་སྟོན་བཤམས་ཚུལ་གསང་ནས་ཡར་ཞུ་མ་བྱས་པ་མ་ཟད།  སྒྲིག་འགལ་གྱི་གནད་དོན་གཞན་དག་ཀྱང་ཡོད་པས།  2023ལོའི་ཟླ8པར་ཀའོ་ཝེ་ཧུའུ་ལ་ཏང་ནང་ཁུལ་ནས་ཐ་ཚིག་བསྒྲགས་ཏེ་ཆད་པ་བཅད།

མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སློབ་འབྲིང་གི་སློབ་གཙོ་ལུའུ་ཕིན་གྱིས་རང་གི་བུར་གཉེན་སྟོན་སྒྲིག་འགལ་ངང་བཤམས་པའི་གནད་དོན། 
      2022ལོའི་ཟླ7པར། ལུའུ་ཕིན་གྱིས་རང་གི་བུ་ལ་གཉེན་སྟོན་བསྒྲུབས་པའི་གནས་ཚུལ་ངོ་མ་ཇི་མ་ཇི་བཞིན་དུ་ཡར་ཞུ་མ་བྱས་པ་སྟེ།  སྟོན་ཐོག་ཏུ་ཕེབས་མཁན་མི་འབོར་སྙན་ཞུའི་ནང་མི156ལས་མེད་ཅིང་། དོན་དངོས་སུ་མི213སྟོན་ཐོག་ཏུ་ཞུགས་ཡོད་པ་དང་།  དེར་དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱི་མི101ཡོད་པར་མ་ཟད། ལེགས་སྐྱེས་སྒོར་ཁྲི6.4རྫོངས་ལེན་བྱས་ཡོད་པས། 2023ལོའི་ཟླ7པར་ལུའུ་ཕིན་ལ་ཏང་ནང་ཁུལ་ནས་ཐ་ཚིག་བསྒྲགས་ཏེ་ཆད་པ་བཅད་པར་མ་ཟད།   སྒྲིག་འགལ་གྱི་ཐོབ་བྱ་ཚང་མ་རྩིས་ལེན་བྱས།  

དྲང་བདེན་དྲང་གཞག་གི་སྲོལ་བཟང་དར་སྤེལ་བཏང་ནས་རུལ་སུངས་ལ་ཤུགས་ཀྱིས་རྒོལ་བའི་གནས་སྟངས་འོག   ཏང་ཡོན་ལས་བྱེད་པ་ཉུང་ཤས་ཀྱིས་སྔར་བཞིན་སྟབས་ལེགས་སྟེས་དབང་དུ་བསམ་ནས་རང་སྣང་གིས་སྒྲིག་འགལ་གྱི་ཉེས་དོན་བཟོས་ནས་སྤྱི་ཚོགས་ལ་ཤུན་ཤུགས་ངན་པ་ཐེབས་པས།  བབ་བསྟུན་གྱི་ཆད་པ་བཅད་ཡོད།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ངེས་པར་དུ་ཚུལ་འདི་བསླབ་བྱ་རུ་བརྩིས་ཏེ།  《མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ལས་བྱེད་པའི་གཉེན་སྟོན་དང་འདས་མཆོད་སྒྲུབ་པའི་གཏན་འབེབས》ལག་བསྟར་ནན་མོ་བྱ་དགོས་ཏེ།  སྲོལ་བཟང་དར་སྤེལ་ཐོག  སྤྱི་ཚོགས་ཡོངས་སུ་གཉེན་སྟོན་སྒྲུབ་སྟངས་གསར་པ་དང་། འདས་མཆོད་སླ་སྒྲུབ་སོགས་དར་སྲོལ་གསར་པ་ཆགས་པར་སྣེ་ཁྲིད་དགོས་པ་དང་། རིམ་ཁག་ཏང་ཨུ་(ཏང་རྩ་འཛུགས)དང་དེའི་ཁོངས་མིས་ཏང་ནན་སྐྱོང་གི་བྱེད་པོའི་འགན་འཁྲི་དང་། འགན་ཁུར་བ་དང་པོ།  “ལས་གནས་གཅིག་དང་འགན་འཁྲི་གཉིས”བཅས་ལག་ལེན་དོན་འཁྱོལ་ནན་མོ་བྱས་ཏེ།  ཏང་ཡོན་ལས་བྱེད་ཀྱི་སློབ་གསོ་དང་། དོ་དམ། ལྟ་སྐུལ་ལ་ཤུགས་སྣོན་དང་། དོན་དག་མ་བསྒྲུབ་གོང་དྲན་སྐུལ་དང་།  དོན་དག་སྒྲུབ་པའི་གོ་རིམ་དང་མཇུག་ཏུ་ལྟ་སྐུལ་དོ་དམ་བཅས་བྱས་ནས་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་འབྱུང་བ་སྔོན་འགོག་བྱ་དགོས།  རིམ་ཁག་སྒྲིག་བཤེར་ཞིབ་བཤེར་ལས་ཁུངས་ཀྱིས་སྒྲིག་བཤེར་གྱི་ལས་ཀར་ཤུགས་བསྣན་ཏེ།  རྒྱས་སྟོན་རྒྱས་བཤམས་དང་། སྐབས་བསྟུན་རྫོངས་ལེན།  རྒྱས་ཟ་རྒྱས་འཐུང་གི་ཆུད་ཟས་སོགས་གནད་དོན་ལ་ཞིབ་གཅོད་ནན་མོའི་ཐོག  སྲོལ་ངན་དེ་རིགས་མཐའ་གཅིག་ཏུ་བཀག་འགོག་བྱས་ནས་ཏང་སྲོལ་སྲིད་བཟང་གི་རྣམ་པ་རྒྱུན་སྐྱོང་ལ་སྐུལ་སྤེལ་དང་།  སྤྱི་ཚོགས་ཀྱི་དམངས་སྲོལ་བཟང་ལམ་དུ་འཇུག་པར་ཁྲིད་སྟོན་བྱ་དགོས།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན། 

2023ལོའི་ཟླ11ཚེས16ཉིན།

རྩོམ་སྒྲིག་པ། ཁོན་ཐར་འཚོ།