ཉེ་སྔོན་ཁ་བ་འབབ་པའི་ནམ་ཟླ་ལས་བྱུང་བའི་གནོད་འཚེའི་མངོན་མེད་ཉེན་ཁ་རབ་དང་རིམ་པར་དམིགས་ནས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་ཞིང་ཕྱུགས་དང་ཚན་རྩལ་ཅུའུ་ཡིས་ལས་གནས་ལ་རྐང་བཙུགས་ནས་བྱས་རྗེས་འཇོག་པ་དང་རང་ཉིད་ཀྱིས་མང་ཚོགས་ལ་དོན་དངོས་བསྒྲུབ་པ་སོགས་ཀྱི་ལག་ལེན་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གནོད་འགོག་ཕྱུགས་སྐྱོབ་བྱ་བ་བཟང་བོར་བསྒྲུབས་ནས། བརྗོད་དོན་སློབ་གསོའི་སློབ་སྦྱོང་གྲུབ་འབྲས་ཀྱིས་འཕེལ་རྒྱས་ལ་མཛུབ་སྟོན་བྱས།
ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གནོད་འགོག་ཕྱུགས་སྐྱོབ་ཀྱི་འཕྲལ་སྒྲུབ་ཇུས་གཞི་གཏན་འབེབས་བྱས་ཤིང་། རྫོང་ཡོངས་ཀྱི་མངའ་ཁོངས་སུ་འབྲི་སྟོད་རྫོང་ཞིང་ཕྱུགས་དང་ཚན་རྩལ་ཅུའུ་ཡི་ཁ་བ་འབབ་པའི་ནམ་ཟླ་ཐག་གཅོད་བྱེད་པར་ཕྱུགས་ལས་གནོད་འགོག་གནོད་སེལ་བྱ་བ་བཟང་བོར་བསྒྲུབས་པའི་སྐོར་གྱི་དོགས་ཟོན་ཐག་གཅོད་བྱ་བའི་གསལ་འདེབས་ཞེས་པ་སྤེལ་ནས། དོགས་ཟོན་ཐག་གཅོད་བྱ་བར་བཀོད་སྒྲིག་ཞིབ་མོ་བྱས། ཐོག་མཐའ་བར་གསུམ་དུ་གནོད་འགོག་ཕྱུགས་སྐྱོབ་བྱ་བ་དམ་འཛིན་བྱེད་པ་དང་། གཟན་རྩྭའི་མཁོ་འདོན་ལ་འགན་སྲུང་བྱེད་པ། དུས་ཚོད་ཉེར་བཞིའི་རིང་གི་ལས་གནས་རེས་སྐོར་གཏན་སྲུང་ལམ་ལུགས་དངོས་འབེབས་བྱེད་པ། འགན་འཁྲི་དང་བྱེད་ཐབས་དངོས་འབེབས་བྱེད་པར་འགན་སྲུང་བྱས་ནས། ཤུགས་ཆེན་པོས་ཕྱུགས་ལས་ཀྱི་ཐོན་སྐྱེད་བདེ་འཇགས་ལ་འགན་སྲུང་བྱེད་དགོས།
མང་ཚོགས་ཀྱི་གནོད་འགོག་གནོད་སེལ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སྡེ་སྡོད་བྱ་བའི་རུ་ཁག་གི་ཉིན་རྒྱུན་གྱི་འཚམས་འདྲི་དང་མཉམ་འབྲེལ་གཅིག་དང་རོགས་སྐྱོར་གཉིས་སོགས་ལ་བརྟེན་ནས། ཐད་ཀར་དུ་རོང་འབྲོག་མང་ཚོགས་ལ་སྒྲོག་འགྲེལ་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱིས་འཚོ་བའི་མཁོ་དངོས་དང་ཕྱུགས་ཟོག་གི་གཟན་ཆས་འདང་ཚིམས་པ་གྲ་སྒྲིག་བྱེད་པར་ཁྲིད་སྟོན་དང་། འབྲོག་པའི་ཕྱུགས་ཟོག་གསོ་ཁ་ནས་འབུད་ཚད་ཇེ་མཐོར་གཏོང་བར་སྐུལ་མ་བཏང་བར་མ་ཟད། དགུན་ཁའི་གཟན་རྩྭའི་གསོག་འཇོག་གནོན་ཤུགས་ཇེ་ཡང་དུ་བཏང་སྟེ། ཟོལ་མེད་ཀྱིས་གནོད་འགོག་གནོད་སེལ་ལ་གྲ་སྒྲིག་གང་ལེགས་བྱེད་དགོས། དེའི་ཞོར་དུ་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་མི་སྣ་རྩ་འཛུགས་བྱས་ཏེ་ཡུལ་ཚོ་དང་གྲོང་རྡལ། སྡེ་བ་བཅས་ཀྱི་ཐོན་སྐྱེད་ལས་ཡུལ་དང་པོར་སོང་ནས། ཚན་རིག་དང་མཐུན་པར་གནོད་འགོག་གནོད་སེལ་བྱེད་པ་དང་སྲོག་ཆགས་ཀྱི་རིམས་ནད་འགོག་སྡོམ་ལ་ཤུགས་སྣོན་བྱས། རྫོང་ཞིང་ཕྱུགས་དང་ཚན་རྩལ་ཅུའུ་ཡིས་སྔ་མོ་ནས་འཆར་འགོད་བྱས་པ་དང་། ཟླ་བཅུ་བའི་ཟླ་དཀྱིལ་གྱི་ཚུན་ལ། ཀུང་ཆིང་ཐིག་དང་གྲངས་ཆུང་ཐིག་བརྒྱད་ཀྱི་གཟན་རྩྭའི་འབྲེག་སྡུད་བྱ་བ་ཡོངས་འགྲུབ་བྱས་ཏེ། གཟན་རྩྭ་དང་གཟན་ཆས་ཏུན་ཉིས་བརྒྱ་དང་བཅུ་གསོག་ཉར་བྱས་ཡོད། འདྲ་མཉམ་དང་དྲང་བདེན། གནད་འཁེལ། མྱུར་སྐྱོབ་བཅས་ཀྱི་རྩ་དོན་ལ་དམིགས་ཏེ། ལུགས་མཐུན་བཀོད་སྒྲིག་བྱས་པས། མིག་སྔའི་བར་དུ་སྟོད་ཚེ་ཡུལ་ཚོ་དང་འབྲི་ཆུ་ཡུལ་ཚོའི་རྒྱང་ཆེན་སྡེ་བ་དང་རྒྱལ་གཉེར་ཕྱུགས་ར། དེ་མིན་རྫོང་རིམ་པའི་མཉམ་ལས་མཉམ་འབྲེལ་ཁང་གིས་རྩྭ་སྔོན་ཏུན་བརྒྱ་དང་བདུན་ཅུ་ལྷག་བགོ་བཤའ་བྱས།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།