ཟླ11ཚེས13ཉིན། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་འཚོགས་ནས། གེགས་མེད་ཁོར་ཡུག་འཛུགས་སྐྲུན་གྱི་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་ལས་དོན་སོགས་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས།
བསྡོམས་རྩིས་བྱས་པ་ལྟར་ན། 2019ལོ་ནས2023ལོའི་ཟླ9པའི་བར་དུ། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་གེགས་མེད་ཁོར་ཡུག་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི7526ཐག་གཅོད་བྱས་པའི་ཁྲོད་དུ། སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱོད་གཞི7497ཡོད་པ་དང་། དམངས་དོན་སྤྱི་ཕན་གཏུག་བཤེར་གྱོད་གཞི29ཡོད་ཅིང་། ཞུ་གཏུག་མ་བྱས་གོང་གྲོས་བསྡུར་བྱས་ནས་གྲོས་ཐག་བཅད་པའི་གྱོད་གཞི919ཡོད་ལ། ཞུ་གཏུག་མ་བྱས་སྔོན་གྱི་ཞིབ་དཔྱོད་གྲོས་འགོ5574བཏོན་པར་མ་ཟད། ཞུ་གཏུག་ཐེངས་དོན་གསུམ་བྱས་ཏེ། སྤྱི་ཕན་གཏུག་བཤེར་གྱི་མིང་ཐོག་ནས་དབང་པོ་སྐྱོན་ཅན་དང་ལོ་ལོན་སོགས་དམིགས་བསལ་ཚོགས་པའི་ཁེ་དབང་ལ་འགན་སྲུང་ཏན་ཏིག་བྱས།
ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་དབང་པོ་སྐྱོན་ཅན་དང་ལོ་ལོན་སོགས་དམིགས་བསལ་ཚོགས་སྤྱིའི་ཁེ་དབང་སྲུང་སྐྱོབ་ཐད་ཀྱི་དཀའ་གནད་ལ་དམ་པོར་དམིགས་ཏེ། ཁྲིམས་ལྟར་རང་འགུལ་ངང་ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་འགན་ནུས་སྒྲུབ་པ་དང་། གོ་རིམ་ལྡན་པའི་ངང་ཆེད་དོན་ལྟ་སྐུལ་འཚོལ་ཞིབ་ཧུར་ཐག་བྱས་ནས་སྤེལ་བའི་དབང་གིས། གེགས་མེད་ཁོར་ཡུག་འཛུགས་སྐྲུན་གྱི་གནད་དོན་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་གཞི་གཅིག་ཅན་གྱི་གྱོད་གཞི་སྒྲུབ་པའི་ལམ་སྲོལ་ལ་བརྟེན་ནས། ས་གནས་སོ་སོས་གེགས་མེད་ཁོར་ཡུག་འཛུགས་སྐྲུན་གྱི་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་བརྟན་པོའི་ངང་སྤེལ་རྒྱུར་མཛུབ་སྟོན་གང་ལེགས་བྱས།
ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། 2019ལོ་ནས་བཟུང་། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིབ་དཔྱོད་ལས་ཁུངས་ལ་གཞོགས་འདེགས་དམ་ཟབ་བྱས་ནས། གེགས་མེད་ཁོར་ཡུག་འཛུགས་སྐྲུན་བྱ་རྒྱུ་དེ་སྤྱི་ཕན་གཏུག་བཤེར་ལས་དོན་ཁྲོད་བཅུག་སྟེ། ཚོད་ལྟ་དང་འཚོལ་ཞིབ་གང་མང་བྱས་པ་བརྒྱུད། གཞི་ནས་ཉམས་མྱོང་གསོག་འཇོག་དང་ཕྱོགས་མང་མཐུན་སྦྱོར་གྱི་ལམ་སྲོལ་འཛུགས་ཐུབ་པ་བྱུང་། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་དང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་དང་གཞོགས་འདེགས་དམ་ཟབ་བྱས་ནས། རྣམ་པ་སྣ་ཚོགས་དང་ཐབས་ལམ་མང་པོར་བརྟེན་ནས་ལྟ་སྐུལ་དོ་དམ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་། གེགས་མེད་ཁོར་ཡུག་འཛུགས་སྐྲུན་གྱི་སྤྱི་ཕན་གཏུག་བཤེར་དཔེ་མཚོན་ཉམས་མྱོང་ལ་ཕྱོགས་སྡོམ་བྱ་རྒྱུར་མཐོང་ཆེན་བྱེད་པ། ད་དུང་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ནས། གེགས་མེད་ཁོར་ཡུག་འཛུགས་སྐྲུན་གྱི་སྤྱི་ཕན་གཏུག་བཤེར་ཁྱབ་ཁོངས་དེ་གེགས་མེད་ཆ་འཕྲིན་བརྗེ་རེས་སོགས་ཁྱབ་ཁོངས་ཁྲོད་སྔར་ལས་གཏིང་ཟབ་དང་རྒྱ་སྐྱེད་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་གྲོང་ཁྱེར་འཛུགས་སྐྲུན་ཟིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། མ་འོངས་པར། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་དང་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་ལས་ཁུངས་བར་གཞོགས་འདེགས་དམ་ཟབ་བྱས་ནས། ས་གནས་ཁག་ལ་ཞུ་གཏུག་ཐེར་འདོན་དང་གླེང་ཕྱོགས་ལྟ་སྐུལ། སྤྱི་ཕན་གཏུག་བཤེར་བཅས་ཀྱི་ཐབས་ལམ་གེགས་མེད་ཡོང་བར་མཛུབ་སྟོན་བྱས་ཏེ། གེགས་མེད་སྒྲིག་ཆས་འཛུགས་སྐྲུན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན་ཟེར།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།