ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་འགན་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་རྒྱལ་གཉེར་ཁེ་ལས་ཀྱི་མགོ་ཁྲིད་མི་སྣའི་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་བསྡུས། ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས་འགན་ཁུར་བ་གཙོ་བོ་དང་། མགོ་ཁྲིད་ཚན་ཁག་ཁ་ཤས། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ། གྲོང་ཁྱེར་དང་ཁུལ། རྫོང་དང་ཆུས་བཅས་རིམ་པ་གཉིས་པའི་སྲིད་གཞུང་གིས་སོ་སོར་དོ་དམ་བྱེད་པའི་རྒྱལ་དབང་རྒྱུ་ནོར་དོ་དམ་བྱ་བའི་འགན་ཁུར་བློ་མཐུན། རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། ས་གནས་ཁོངས་གཏོགས་ཀྱི་རྒྱལ་གཉེར་ཁེ་ལས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་བཅས་མི་སུམ་བརྒྱ་ཉེར་གཉིས་གསོ་སྦྱོང་ལ་ཞུགས།
སློབ་ཁྲིད་ཀྱི་བཀོད་སྒྲིག་ལྟར་ན། ཐེངས་འདིའི་གསོ་སྦྱོང་ཉིན་ལྔ་ལ་སྤེལ་རྒྱུ་རེད། ཡུལ་དངོས་སློབ་ཁྲིད་དང་དྲ་ལམ་སློབ་ཁྲིད་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་དེ། འཆད་ཁྲིད་ཀྱི་རྣམ་པ་དང་། མཉམ་གླེང་གི་རྣམ་པ། ཡུལ་དངོས་སློབ་ཁྲིད། ཁེ་ལས་པའི་གླེང་སྟེགས་སོགས་སློབ་ཁྲིད་བྱེད་སྟངས་སྣ་མང་བཀོད་སྤྱོད་བྱས་ནས། རང་ཞིང་གི་རྒྱལ་གཉེར་ཁེ་ལས་ཀྱི་མགོ་ཁྲིད་མི་སྣའི་ཆབ་སྲིད་ཀྱི་བྱང་ཚད་དང་བདག་གཉེར་དོ་དམ། ཚན་རིག་ཇུས་ཆོད། ཚོང་ར་ཅན་གྱི་འཁོར་སྐྱོད་སོགས་ཕྱོགས་ཀྱི་ནུས་པ་དང་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་རྒྱུ་གཙོར་བཟུང་ཡོད། སློབ་ཚན་གྱི་ནང་དོན་ལ་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་། རྒྱལ་གཉེར་ཁེ་ལས་ཀྱི་ཏང་འཛུགས་ལས་དོན། མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་སྔོན་འགོག་དང་དོ་དམ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་བཅོས་སྐྱོང་རྐྱེན་སྲོལ། རྒྱལ་གཉེར་ཁེ་ལས་དོ་དམ་པའི་མགོ་ཁྲིད་ནུས་པ་དང་མགོ་ཁྲིད་བྱེད་ཐབས། མིག་སྔར་གྱི་རྒྱལ་སྤྱིའི་གནས་བབ་དང་ས་མཚམས་རྣམ་པས་ནུས་ཁོངས་བདེ་འཇགས་ལ་ཐེབས་པའི་ཤུགས་རྐྱེན་སོགས་འདུས་ཡོད་པ་དང་། རྒྱལ་ཁབ་པུའུ་ཨུ་དང་། མིང་གྲགས་ཆེ་བའི་མཐོ་རིམ་སློབ་གྲྭའི་འབྲེལ་ཡོད་མགོ་ཁྲིད་དང་ཆེད་ལས་མཁས་པས་སློབ་ཁྲིད་བྱེད་རྒྱུ་རེད། སློབ་མ་རྣམས་ཀྱིས་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མཚོ་སྔོན་གྱི་རྒྱལ་གཉེར་ཁེ་ལས་དག་འཕྲད་པའི་གོ་སྐབས་དང་འགྲན་རྩོད། རང་བྱུང་ཐོན་ཁུངས་ལ་བརྟེན་ནས་ཁེ་ལས་ཀྱི་འགྲན་རྩོད་སྲོག་རྩ་མཐོ་རུ་གཏོང་བ། ཐཱན་གཉིས་དམིགས་འབེན་མངོན་འགྱུར་བྱེད་པ་སོགས་ཀྱི་ཕྱོགས་ནས་བསམ་ཚུལ་བརྗེ་རེས་དང་གྲོས་སྡུར་བྱེད་རྒྱུ་རེད།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།