མཚོ་སྔོན་ཞིང་ཆེན་གྱིས་རྨ་ཆུའི་ཆེད་སྤྱོད་མ་དངུལ་ལ་ཞིང་ཆེན་རིམ་པའི་དོ་དམ་བྱེད་ཐབས་བཏོན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཟླ11ཚེས༡ཉིན་མི་དམངས་དྲ་བས་ཟི་ལིང་དུ་སྤེལ་བའི་འཕྲིན། ཉེ་སྔོན་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་ནོར་སྲིད་ཐིང་བཅས་ཀྱིས《ས་ཁོངས་གལ་ཆེན་གྱི་འཕེལ་རྒྱས་འཐབ་ཇུས་འཛུགས་སྐྲུན(རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ལེགས་གོང་སྤེལ་གྱི་ཁ་ཕྱོགས)ཐད་ཀྱི་ཀྲུང་དབྱང་གི་སྔོན་རྩིས་ནང་གི་ཞིང་ཆེན་རིམ་པའི་མ་དངུལ་དོ་དམ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》པར་འགྲེམས་བྱས། ཤེས་གསལ་ལྟར་ན།  མཚོ་སྔོན་ཞིང་ཆེན་ནི་རྨ་ཆུ་འབབ་རྒྱུད་ཀྱི་ལྗོངས་ཞིང་དགུའི་ནང་རྨ་ཆུར་ཆེད་དོན་དུ་སྤྱོད་པའི་ཞིང་ཆེན་རིམ་པའི་མ་དངུལ་དོ་དམ་བྱེད་ཐབས་ཐོག་མར་འདོན་མཁན་ཞིང་ཆེན་རེད།

《ཞིང་ཆེན་རིམ་པའི་མ་དངུལ་དོ་དམ་བྱེད་ཐབས》ལ་ཁྱོན་ལེའུ26ཡོད་ཅིང་། རིམ་ཁག་བཅོས་སྒྱུར་ཨུ་ལྷན་དང་ནོར་སྲིད་སྡེ་ཚན། དེ་མིན་ལས་གཞི་ལག་བསྟར་བྱེད་མཁན་ལས་ཁུངས་ཀྱིས་མ་དངུལ་བཀོལ་སྤྱོད་དང་། དོ་དམ། བཀོད་སྒྲིག   ལྟ་རྟོག  ཞིབ་བཤེར་སོགས་ཕྱོགས་ཀྱི་དབང་ཆ་དང་འགན་འཁྲི་གསལ་འབེབས་བྱས་ཡོད།  ལེའུ་དང་པོ་སྤྱི་བཤད་ལ་དོན་ཚན5ཡོད་ཅིང་། དེའི་ནང་རྒྱབ་ལྗོངས་དང་། གཞི་འཛིན་ས།   བཀོལ་སྤྱོད་ཁྱབ་ཁོངས། མ་དངུལ་བགོ་བཤའ།   བཀོལ་སྤྱོད། དོ་དམ་བཅས་གསལ་འབེབས་བྱས་ཡོད་པ་མ་ཟད།   མ་དངུལ་དོ་དམ་གྱི་འགན་ཁུར་ཁག་བགོས་བྱས་ཡོད། ལེའུ་གཉིས་པ་ནི་ཞིང་ཆེན་རིམ་པའི་མ་དངུལ་བཀོལ་སྤྱོད་དང་དོ་དམ་ཡིན་ཞིང་། དེར་དོན་ཚན6སྟེ།  མ་དངུལ་བཀོད་སྒྲིག་དང་གཤམ་སྤྲོད་གོ་རིམ་གསལ་འབེབས་བྱས་ཡོད།   ལེའུ་གསུམ་པ་ནི་ཞིང་ཆེན་རིམ་པའི་མ་དངུལ་བགོ་འགྲེམས་སྐོར་ཡིན་ཞིང་། དེར་དོན་ཚན7ཏེ་བྱེད་ཐབས་ཀྱི་སྙིང་བོ་ལྟ་བུ་ཡིན་ལ  གཙོ་བོ་རྒྱུ་རྐྱེན་ལྟར་བགོ་འགྲེམ་བརྩི་ཐབས་ཀྱི་སྤྱི་འགྲོས་སྒྲིག་བཟོ་བྱས་ནས་ལས་གཞི་དོ་དམ་དང་མ་དངུལ་བཀོལ་སྤྱོད། ཨར་ལས་འཕེལ་རིམ། ལས་གཞིའི་སྤུས་ཚད་སོགས་ཀྱི་བྱ་དགའ་དང་ཆད་གཅོད་གཞི་གྲངས་གསལ་འབེབས་བྱས་ཡོད་པ་དང་།  “སྤུས་ཀ་ཇེ་ལེགས་དང་། འཕེལ་རིམ་དམ་འཛིན། ”ཀྱི་བྱ་དགའི་རྟིང་སྐུལ་ལམ་ལུགས་འཐུས་ཚང་བཟོས་ནས་“བྱ་དགའ་མགྱོགས་ལ་ཆད་པ་དལ་བའི”ཁ་ཕྱོགས་ཁྲིད་སྟོན་བྱས་ཡོད།  ལེའུ་བཞི་བ་ནི་ལྟ་སྐུལ་ཞིབ་བཤེར་དང་ལས་ཕྱོད་དོ་དམ་སྐོར་ཡིན་ཞིང་། དོན་ཚན6ཡོད་དེ། ལྟ་སྐུལ་དོ་དམ་ཀྱི་དཔྱད་འཇོག་ནང་དོན་གསལ་འབེབས་བྱས་ཡོད།  ལེའུ་ལྔ་པ་ནི་ཞར་བྱུང་གི་འགན་འཁྲི་སྟེ།   བྱེད་ཐབས་ཀྱི་འགྲེལ་བཤད་དབང་ཆ་དང་ཚོད་ལྟའི་ལག་བསྟར་གྱི་དུས་ཚོད་གསལ་འབེབས་བྱས་ཡོད་དོ། །

《ཞིང་ཆེན་རིམ་པའི་མ་དངུལ་དོ་དམ་བྱེད་ཐབས》དེས་ས་གནས་ཀྱི་དགོས་མཁོ་དང་ཐུགས་ཁུར་ལ་ལན་བསྐྱོན་ཡོད་པས།  ལས་གཞི་ཡོད་སའི་ས་གནས་ཀྱི་མ་དངུལ་རང་གྲབས་ཀྱི་གནོན་ཤུགས་ཆེན་པོ་སེལ་ནས་རྨ་ཆུའི་ཆེད་སྤྱོད་ལས་གཞི་ལག་བསྟར་ཐད་ལ་རམ་འདེགས་བྱ་ཐུབ།  དེ་བཞིན་དུ་རྒྱུ་རྐྱེན་བརྩི་ཐབས་ཀྱི་བགོ་འགྲེམ་ལམ་ལུགས་བཙུགས་ཏེ།  མ་དངུལ་བཀོལ་སྤྱོད་དང་དོ་དམ་ཚད་ལྡན་ཅན་དང་། ཚན་རིག་ཅན་དུ་བཏང་ནས་རྨ་ཆུའི་ཆེད་དོན་ལས་གཞི་གེགས་མེད་བདེ་བླག་ངང་ནས་ལག་བསྟར་ལ་སྐུལ་འདེད་དང་།  མཚོ་སྔོན་ཁོངས་ཀྱི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ལེགས་གོང་སྤེལ་གྱི་གོམ་ཁ་ཇེ་མགྱོགས་སུ་གཏང་བ་བཅས་ལ་ལམ་ལུགས་ཀྱི་འགན་སྲུང་མཁོ་འདོན་བྱས་ཡོད།   སླད་ཕྱིན།  ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། ཞིང་ཆེན་ནོར་སྲིད་ཐིང་གཉིས་ཀྱིས་རྨ་ཆུ་འབབ་རྒྱུད་ཀྱི་གྲོང་ཁྱེར་དང་ཁུལ་དང་མཉམ་དུ་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་སྤྱོད་ཚུལ་དར་སྤེལ་ལ་ཤུགས་སྣོན་དགོས་པའི་བླང་བྱ་ལྟར་དུ།   ལས་ཀའི་སེམས་ཤུགས་དེ་ལས་གཞི་ཇུས་འགོད་དང་། མ་དངུལ་བརྩོན་ལེན།  ཞན་ཆ་ཁ་གསབ།  འཕེལ་རྒྱས་སྐུལ་འདེད་ཀྱི་ཕྱོགས་སུ་བརྩེ་གཅིག་ཏུ་སྒྲིམ་སྟེ།   རྨ་ཆུའི་ཆེད་སྤྱོད་ཀྱི་ཞིང་ཆེན་རིམ་པའི་མ་དངུལ་དོ་དམ་བྱེད་ཐབས་དེ“ལས་ལ་བཀུར་ཞིང་བརྩོན་པའི”དངོས་སྒྲུབ་ཁུར་འཁྱེར་གྱི་སྒོ་ནས་ལག་ལེན་ཞིབ་ཕྲ་བྱས་ནས་མ་དངུལ་བཀོལ་སྤྱོད་ཀྱི་ཕན་ཁེ་ཇེ་ལེགས་ཇེ་ཆེར་གཏང་རྒྱུ་དང་།  མཚོ་སྔོན་ཁོངས་ཀྱི་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ལེགས་གོང་སྤེལ་ལ་ནུས་རྒུས་སྐུལ་འདེད་བཏང་སྟེ། “དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ”མགྱོགས་པོར་འཛུགས་སྐྲུན་དང་།  མཚོ་བོད་མཐོ་སྒང་དེ་ཉིད་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་བསྐྲུན་པའི་དགེ་མཚན་འདོན་སྤེལ་དང་སྟོབས་ཤུགས་སྐྱེས་སུ་འབུལ་ཐུབ་ལ་ཧུར་ཐག་བྱ་རྒྱུའོ། །
 

རྩོམ་སྒྲིག་པ། ཁོན་ཐར་འཚོ།