མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་དམངས་སྲིད་ཐིང་ནས་འབྱོར་བའི་གནས་ཚུལ་ལ་གཞིགས་ན། ད་སྔར་མཚོ་སྔོན་ས་གནས་ཁག་གིས་དྲོད་འདོན་རོགས་སྐྱོབ་མ་དངུལ་སྤྲོད་པའི་ལས་དོན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ཁྲི16.15ལ་དྲོད་འདོན་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར1.37སྤྲད།
དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་ལས་དོན་སྐོར་གྱི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི“དཀའ་ངལ་ཆེ་བའི་རེ་སྒུག”གི་གནད་དོན་ཐག་གཅོད་ཡག་པོ་བྱ་ཆེད། ཞིང་ཆེན་དམངས་སྲིད་ཐིང་གིས་བརྡ་ཐོ་བཏང་ནས་ས་ཁུལ་ཁག་གི་དམངས་སྲིད་སྡེ་ཚན་ལ་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་དང་གྲོང་ཁྱེར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་ཁྱིམ་ཚང་རེར་ལོ་རེར་སྒོར1000རེ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ། གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་བཅས་ལོ་རེར་ཁྱིམ་ཚང་རེར་སྒོར800ཡི་ཚད་གཞི་ལྟར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ2023ལོའི་དགུན་དུས་དྲོད་འདོན་ཐད་རོགས་སྐྱོབ་བྱ་དགོས་པའི་བླང་བྱ་བཏོན།
གཞན་ཡང་ཞིང་ཆེན་ཡོངས་ཀྱི་ས་ཁུལ་ཁག་གི་དམངས་སྲིད་སྡེ་ཚན་གྱིས་དཀའ་ངལ་ཡོད་པའི་ཚོགས་སྤྱི་གཞན་དག་གི་དགུན་དུས་ཀྱི་འཚོ་བའི་དགོས་མཁོའི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱས་ནས། དགུན་དུས་དྲོད་འདོན་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་སྐབས་འཕྲལ་རོགས་སྐྱོབ་སོགས་ཀྱི་བྱེད་ཐབས་བརྒྱུད་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་དྲོ་སྐྱིད་ལྡན་ཞིང་བདེ་འཇགས་ཡིན་པའི་དགུན་སྒྲོལ་ལ་འགན་སྲུང་བྱས། 2017ལོར་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་དྲོད་འདོན་རོགས་སྐྱོབ་ལམ་ལུགས་ཁྱོན་ཡོངས་ནས་བཙུགས་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་རིམ་རྩིས་བྱས་ན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་ཁྱིམ་ཚང་ཁྲི114.24ལ་དྲོད་འདོན་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར9.73སྤྲད་དེ། དྲོད་འདོན་རོགས་སྐྱོབ་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དགུན་དུས་དྲོད་འདོན་གནད་དོན་ཐག་གཅོད་ནུས་ལྡན་བྱས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་། དོ་སྣང་། དྲོ་སྐྱིད་བཅས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཉེ་འགྲམ་དུ་དུས་ཐོག་ཏུ་སྐྱེལ་ཐུབ་ནས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དམངས་ཚིས་ཀྱི་བདེ་སྐྱིད་ཆེས་ཆེར་ཐོབ་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྐྱིད་སྣང་ཇེ་ཆེར་ཕྱིན་ཡོད།
གཡང་སྐྱིད་ཀྱིས་བསྒྱུར།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།