ལིས་ཞི་ཀྲུང་དབྱང་གི་སྐབས་ཉི་ཤུ་པའི་སྐོར་ཞིབ་ཐེངས་གཉིས་པའི་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ་བཅུ་པའི་ཚེས་བཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཞི་ཀྲུང་དབྱང་གི་སྐབས་ཉི་ཤུ་པའི་སྐོར་ཞིབ་ཐེངས་གཉིས་པའི་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་སྐོར་ཐེངས་དང་པོའི་སྐོར་ཞིབ་གནས་ཚུལ་སྙན་ཞུར་གསན་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་གིས་དོ་དམ་བྱེད་ཀྱིན་པའི་ཁེ་ལས་དང་འབྲེལ་ཡོད་འགན་ནུས་སྡེ་ཁག་ལ་སྐོར་ཞིབ་ཐད་ནས་བཀོད་སྒྲིག་བྱས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་སྐོར་ཞིབ་ལས་དོན་སྐོར་གྱི་བཀོད་སྒྲིག་གལ་ཆེན་གྱི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། ཆབ་སྲིད་ཀྱི་སྐོར་ཞིབ་སྔར་ལས་གཏིང་ཟབ་ཏུ་གཏོང་བ། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས“གཏན་ཕབ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་དབང་ཁེ་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

ལིས་ཞི་ཡིས་གཅིག་གྱུར་འཆར་འགོད་དང་རྩ་འཛུགས་ལག་བསྟར་ལ་ཤུགས་བསྣན་ནས། སྤུས་ཚད་མཐོ་བའི་ངང་ནས་སྐོར་ཞིབ་ཐེངས་གཉིས་པའི་ལས་འགན་ཡོངས་འགྲུབ་བྱེད་དགོས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་གཙོ་གནད་དུ་བཟུང་ནས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་བསྐྱེད་དེ། ཆབ་སྲིད་སྐོར་ཞིབ་ཀྱི་འགན་ནུས་དང་ངེས་གནས་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་དགོས། འབྲེལ་ཡོད་སྡེ་ཁག་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་པ་དང་། ལྟ་སྐུལ་གྱི་མཉམ་ཤུགས་སྔར་ལས་ཆེ་རུ་གཏོང་བ། རྩ་ལག་མཉམ་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སློབ་གསོ་དག་ཐེར་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས། སྐོར་ཞིབ་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་སྐོར་ཞིབ་ཀྱི་དཔུང་སྡེ་བརྟན་པོ་ཞིག་འཛུགས་དགོས་ཞེས་ནན་གྱིས་གསུངས།

ཚོགས་ཐོག་ནས་ཅང་ཞིན་ཀྲི་ཡིས་ཀྲུང་དབྱང་གི་སྐབས་ཉི་ཤུ་པའི་སྐོར་ཞིབ་ཐེངས་གཉིས་པའི་ཚན་ཆུང་གི་ཚན་གཙོའི་དབང་ཆ་སྤྲད་ནས་ལས་འགན་འཁུར་བ་དང་ལས་འགན་ཁག་བགོས་ཐག་གཅོད་བྱ་རྒྱུ་ཁྱབ་བསྒྲགས་བྱས།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།