ཟླ་བཅུ་པའི་ཚེས་བཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་། ཚོགས་ཐོག་ནས《ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལ་ཤུགས་བསྣན་ནས་རིམ་དབྱེའི་སྤྱི་ཚོགས་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར》ཞེས་པ་དང་།《ལོ་ལོན་རྒན་པའི་ཟས་སྐྱོར་ཞབས་ཞུའི་བྱ་སྤྱོད་འཕེལ་རྒྱས་གང་ལེགས་གཏོང་དགོས་པའི་སྐོར་གྱི་ཇུས་གཞི》།《ཆེད་ཁེ་བདག་ཐོབ་གཞན་སྒྱུར་བེད་སྤྱོད་ཀྱི2023ལོ་ནས་2025ལོ་བར་གྱི་ཆེད་དོན་བྱ་སྤྱོད་ཇུས་གཞི》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཚོགས་རོགས་སྐྱོབ་ནི་སྤྱི་ཚོགས་འགན་ལེན་མ་ལག་ཁྲོད་ཀྱི་མཐའ་སྐྱོང་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཅིག་ཡིན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཡོང་འབབ་དམའ་བའི་མི་འབོར་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་པ་དང་། སྔར་ལས་གནད་ཁེལ་དང་དུས་ཐོག ནུས་ལྡན་བཅས་ཀྱི་སྒོ་ནས་སྤྱི་ཚོགས་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་པ། ཁྱོན་ཡོངས་ལ་ཁྱབ་པར་བྱེད་པ་དང་རིམ་པ་དབྱེ་བ། ཕྱོགས་བསྡུས་ཕན་འབྲས་ཆེ་བ་བཅས་ཀྱི་སྤྱི་ཚོགས་རོགས་སྐྱོབ་རྣམ་པ་ཞིག་མགྱོགས་མྱུར་ངང་གྲུབ་པར་བྱེད་པ། དམངས་འཚོའི་མཐའ་སྐྱོང་འགན་ལེན་གྱི་བདེ་འཇགས་དྲ་བ་སྔར་ལས་བརྟན་པོ་ཡོང་བར་བྱེད་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་རང་བདག་འགན་འཁྲི་སྔར་ལས་ཇེ་དམ་དུ་བཏང་སྟེ། གནོད་འཚེ་ཐེབས་པ་སོགས་དཀའ་ངལ་ཡོད་པའི་མང་ཚོགས་ལ་མཐའ་སྐྱོང་འགན་ལེན་ཡག་པོ་བྱེད་པ་དང་། རོགས་སྐྱོབ་མ་དངུལ་དང་འགན་ལེན་མ་དངུལ་དུས་ཐོག་དང་ཁ་ཚང་བའི་སྒོ་ནས་སྤྲད་དེ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཡག་པོ་བྱས་ཏེ། བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་ནས་དགུན་ཁ་སྐྱེལ་ཐུབ་པར་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། ལོ་ལོན་རྒན་པའི་ཟས་སྐྱོར་ཞབས་ཞུ་འཕེལ་རྒྱས་གཏོང་རྒྱུ་ནི། དམངས་འཚོའི་བཟོ་སྐྲུན་གལ་ཆེན་ཞིག་ཡིན་པ་དང་། ཁྱིམ་སྡོད་སྡེ་ཁུལ་གྱི་རྒན་གསོ་དང་ལོ་ལོན་ལ་བདེ་སྐྱིད་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ལོ་ལོན་གྱི་ཟས་སྐྱོར་ཞབས་ཞུ་གོང་འཕེལ་གཏོང་རྒྱུ་དེ་དམངས་ལ་བྱ་བ་དངོས་སྒྲུབ་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། ས་གནས་སོ་སོའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཧུར་བརྩོན་བརྟན་བརླིང་དང་ཡུལ་བབ་དང་བསྟུན་པའི་སྒོ་ནས་ལོ་ལོན་གྱི་ཟས་སྐྱོར་ཞབས་ཞུ་གོང་འཕེལ་གཏོང་དགོས་པ་དང་། གཟིགས་སྐྱོང་རང་བཞིན་གྱི་བྱེད་ཐབས་སྤྱད་དེ་གྲོང་གསེབ་ས་ཁུལ་གྱིས་ཞབས་ཞུ་མཁོ་འདོན་བྱེད་རྒྱ་སྔར་ལས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ནས། ལས་ཀའི་མཉམ་ཤུགས་ཤིག་གྲུབ་པར་བྱས་ཏེ། ཕན་འབྲས་དངོས་ཐོན་རྒྱུར་འགན་ལེན་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཆེད་ཁེ་བདག་ཐོབ་གཞན་སྒྱུར་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། ཆེད་ཁེ་བདག་ཐོབ་ཀྱི་རིན་ཐང་སྔོག་འདོན་གང་ལེགས་བྱེད་པ། ཆེད་ཁེ་བདག་ཐོབ་མང་འདུས་ཅན་གྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་ནི། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ལས་འགན་ཞིག་ཡིན། ཆེད་ཁེ་བདག་ཐོབ་གྲུབ་འབྲས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་སྲིད་ཇུས་ཀྱི་སྐུལ་ལྕག་ལ་ཤུགས་སྣོན་རྒྱག་རྒྱུ་ཕྱོགས་གཉིས་ཀར་ཤུགས་བསྣན་ནས། དངོས་ཡོད་ཀྱི་དགོས་མཁོའི་ཁྲོད་ནས་ཚན་རིག་ཞིབ་འཇུག་གི་གནད་དོན་གཅིག་ཏུ་བསྡུས་ནས། མཁྲེགས་གཏོར་བྱ་རྒྱུར་སྔར་ལས་མཐོན་ཆེན་བྱས་ཏེ། ཆེད་ཁེ་བདག་ཐོབ་ཀྱི་གྲུབ་འབྲས་དངོས་སྤྱོད་ལ་ཕན་པའི་ལམ་ལུགས་བཀོད་སྒྲིག་དང་སྐུལ་ལྕག་གི་སྲིད་ཇུས་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་བཏང་ནས། ཆེད་ཁེ་བདག་ཐོབ་གཞན་སྒྱུར་བེད་སྤྱོད་ཀྱི་འགག་རྩའི་གནས་ནུས་ཤུགས་ཡོད་རྒུས་ཤར་གཏོང་ཐུབ་པར་བྱས་ཏེ། ཁྲོམ་རའི་ཞབས་ཞུ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། སྐྱེ་ཁམས་བཟང་པོ་སྐྱེད་སྲིང་བྱས་ནས། གསར་གཏོད་ཀྱི་གྲུབ་འབྲས་དེ་ཐོན་སྐྱེད་ནུས་ཤུགས་དངོས་ལ་བསྒྱུར་བའི་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས།
ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།