གྲོ་ཚང་རྡོ་རྗེ་འཆང་དང་རྨ་ཙོང་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་བགྲོ་གླེང་ཚོགས་འདུ་ལི་ཏུའུ་རུ་བསྡུས།
ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན།
རྩོམ་སྒྲིག་པ། ཁོན་ཐར་འཚོ།
སྤེལ་དུས། 2023-08-21 16:36:58
ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་ཤར་གྲོང་ཁྱེར་སྲིད་གཞུང་གིས་རོགས་སྒྲུབ་བྱས་པའི་གྲོ་ཚང་རྡོ་རྗེ་འཆང་དང་རྨ་ཙོང་རི་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་བགྲོ་གླེང་ཚོགས་འདུ་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་རུ་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧྲའོ་ཧུང་ཚོགས་འདུར་ཞུགས་ནས་གཏམ་བཤད། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ལིའུ་ཀྲིན་ཁུའེ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་ལའེ་མེན་བཅས་གདན་ཞུ་ལྟར་ཚོགས་འདུར་ཞུགས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོས་ཤིས་ཚིག་ཕུལ།
དགུ་གསུམ་སློབ་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལས་ཁུངས་དང་རིག་གནས་དང་ཡུལ་སྐོར་པུའུ། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ། རྒྱལ་ཁབ་རིག་དངོས་ཅུའུ་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་། ཞིང་ཆེན་ཕྱི་ནང་གི་མིང་ཡོད་པའི་འབྲེལ་ཡོད་ཆེད་མཁས་པ་དང་རིག་གནས་པ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག དམངས་གཙོ་ཏང་ཁག་སོ་སོའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས། ལི་ཏུའུ་ཆུའུ་ཏང་ཨུ། ཆུའུ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས་ཏེ། གྲོ་ཚང་རྡོ་རྗེ་འཆང་དང་རྨ་ཙོང་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་ལ་དམིགས་ནས་བརྗེ་རེས་བགྲོ་གླེང་བྱས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་གཞི་རྩ་དང་བླ་སྲོག་ཡིན་པས། རྨ་ཆུའི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པ་དང་། མེད་པོས་ང་ཚོར་བཞག་པའི་ཤུལ་བཞག་རྩ་ཆེན་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད། རྨ་ཙོང་རིག་གནས་དེ་རྨ་ཆུའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཡིན་པའི་ཆ་ནས། ཀྲུང་གོའི་རིག་གནས་གྲུབ་པའི་འགོ་ཁུངས་གྲས་ཀྱི་གཅིག་དང་། རང་རྒྱལ་གྱི་མི་རིགས་མང་པོ་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་བྱེད་པའི་དཔེ་མཚོན་མཚོན་བྱེད་ཡིན། དུས་རབས་གསར་བར་ཞུགས་རྗེས། སྤྱི་ཚོགས་རིང་ལུགས་རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུས་སྐྲུན་བྱེད་པ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱལ་ཁབ་འཐབ་ཇུས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད། རྨ་ཙོང་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་རྒྱུ་དེའི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ། མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་སྔར་ལས་ཆེན་པོ་ལྡན།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྨ་ཙོང་རིག་གནས་ཀྱི་གཞུང་ལུགས་ཞིབ་འཇུག་ལ་ཧ་ཅང་མཐོང་ཆེན་བྱེད་དགོས། རྨ་ཙོང་རིག་གནས་ཀྱི་དངོས་དཔང་ཞིབ་འཇུག་རྨང་གཞི་རུ་བྱེད་པ་དང་། རྨ་ཙོང་རིག་གནས་དོན་སྤྱིའི་གོ་དོན་དང་ཕྱིར་བསྲིང་ལ་ཤུགས་སྣོན་པ། རྨ་ཙོང་རིག་གནས་ཀྱི་ས་གཤིས་ཁུལ་ཁོངས་ཁྱབ་ཚུལ་དང་དུས་རབས་ཀྱི་རིན་ཐང་། མི་རིགས་སོ་སོའི་རྨ་ཙོང་རིག་གནས་གྲུབ་པའི་ཁྲོད་ཀྱི་བྱས་རྗེས་གལ་ཆེན། རྨ་ཙོང་རིག་གནས་ཀྱི་ཀྲུང་གོའི་རིག་གནས་འཕེལ་འགྱུར་ཁྲོད་ཀྱི་ཁྱད་དུ་འཕགས་པའི་ནུས་པ་སོགས་ལ་ཞིབ་འཇུག་ཞིབ་མོ་བྱེད་པ། ཀྲུང་གོའི་རིག་གནས་སྣ་མང་གཞི་གཅིག་གི་ཁྱད་ཆོས་གྲུབ་པའི་རྒྱུ་རྐྱེན་དང་འཕེལ་འགྱུར་གྱི་བརྒྱུད་རིམ་འཚོལ་ཞིབ་བྱེད་པ། རིམ་པ་བཞིན་རྨ་ཙོང་རིག་གནས་ཀྱི་གཞུང་ལུགས་ཞིབ་འཇུག་མ་ལག་བཙུགས་ཏེ། རྨ་ཙོང་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དང་དར་སྤེལ་གྱི་ལག་ལེན་ཐད་འདེགས་སྐྱོར་བྱེད་དགོས། རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱེད་རྒྱུ་དེ་གོ་སྐབས་སུ་བརྩི་བ་དང་། རྨ་ཙོང་རིག་གནས་ཀྱི་སྤྱི་ཁོག་རང་བཞིན་གྱི་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་དགོས། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྣེ་ཁྲིད་དུ་བྱེད་པ། རྨ་ཆུའི་རིག་གནས་ཐོན་ཁུངས་དང་ཁྱད་ལྡན་ས་ཁོངས་རིག་གནས་རྒྱབ་རྟེན་དུ་བྱེད་པ། སྲུང་སྐྱོབ་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ནས། རྒྱུན་འཛིན་ལ་ཤུགས་སྣོན་པ་དང་། ཁྱད་ཆོས་མངོན་པར་བྱེད་དགོས། རྨ་ཙོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་གཅིག་འདོམས་བྱེད་དགོས། གྲོ་ཚང་རྡོ་རྗེ་འཆང་གི་སྲུང་སྐྱོབ་དང་ཞིག་གསོ་བྱ་བར་སྔར་ལས་ཤུགས་སྣོན་བྱས་ཏེ། གྲོ་ཚང་རྡོ་རྗེ་འཆང་སོགས་རིག་གནས་ཤུལ་བཞག་གཙོ་བོ་དག་རྨ་ཙོང་རིག་གནས་ཀྱི་ཚད་ཤིང་དང་རིག་གནས་ཡུལ་སྐོར་མཉམ་བསྲེས་ཀྱི་དཔེ་མཚོན། མི་རིགས་མཐུན་སྒྲིལ་གྱི་དཔེ་གཞི་རུ་འཛུགས་སྐྲུན་བྱེད་དགོས། ཕྱོགས་བསྡུས་རང་བཞིན་གྱི་བསླབ་ཚན་དང་གྲོ་ཚང་རྡོ་རྗེ་འཆང་རིག་པ་འཛུགས་པ་དང་། རྨ་ཙོང་རིག་གནས་ཀྱི་ཞིབ་འཇུག་མཐོར་འདེགས་གཏོང་དགོས། གྲོ་ཚང་རྡོ་རྗེ་འཆང་གི་ཞིབ་འཇུག་དེ་རྨང་གཞི་དང་འདེགས་གནས་སུ་བརྩི་བ་དང་། ཞིབ་འཇུག་ལ་ཤུགས་སྣོན་པ། སློབ་ཚན་བརྒལ་དང་མཐོང་རྒྱ་མང་པོའི་བྱེད་ཐབས་ལ་བརྟེན་ནས་ལོ་རྒྱུས་མངོན་སུམ་ཁྲོད་འདྲེས་པར་བྱེད་པ། སྣ་མང་གཞི་གཅིག་གི་མི་རིགས་མཉམ་འདྲེས་ཁྱད་ཆོས་སུ་བྱས་པའི་རིག་གནས་ངེས་བཟུང་ཞིབ་འཇུག་སྤེལ་བ། རྨ་ཙོང་རིག་གནས་རྒྱབ་ལྗོངས་སུ་བྱས་པའི་མཐའ་མཚམས་བཅོས་སྐྱོང་ཞིབ་འཇུག་དང་། རིག་གནས་དར་གོས་ཚོང་ལམ་གཙོ་གནད་དུ་བྱས་པའི་འཆམ་མཐུན་མཉམ་འདྲེས་རིག་གནས་ཞིབ་འཇུག་ལ་བརྟེན་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཐད་ལོ་རྒྱུས་ཀྱི་ཉམས་མྱོང་དང་དཔེ་གཞི་འདོན་སྤྲོད་བྱེད་དགོས།
ཚོགས་ཐོག་ནས་གྲོ་ཚང་རྡོ་རྗེ་འཆང་དང་རྨ་ཙོང་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་བྱེད་པའི་བགྲོ་གླེང་ཚོགས་འདུའི་ཐུན་མོང་གི་ལྟ་བར་གྲོས་འཆམ་བྱུང་། བགྲོ་གླེང་ཚོགས་འདུའི་སྐབས་སུ། ཚོགས་ཞུགས་མི་སྣས་མཚོ་ཤར་གྲོང་ཁྱེར་གྱི་རྫོང་དང་ཆུའུ་རུ་ཡུལ་དངོས་རྟོག་ཞིབ་བྱས།