འདི་ལོའི་ལོ་སྟོད་དུ་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གྱོད་གཞི་ཁྲི་ 31.6ཐོ་བཀོད་བྱས་པ།
ཡོང་ཁུངས། མི་དམངས་དྲ་བ།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།
སྤེལ་དུས། 2023-07-25 09:50:24
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་2023ལོའི་ལོ་སྟོད་དུ་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་ཞིབ་བཤེར་དང་ཞིབ་བཤེར་བརྟག་དཔྱད་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། 2023ལོའི་ལོ་སྟོད་དུ། རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་གྱོད་གཞི་ཁྲི་31.6གྱོད་དོན་ཐོ་བཀོད་བྱས་པའི་ནང་། ཀྲུང་དབྱང་རྩ་འཛུགས་པུས་དོ་དམ་བྱེད་པའི་ལས་བྱེད་པ་36གྱོད་གཞི་ཐོ་བཀོད་བྱས་ཡོད། ཁྱོན་མི་ཁྲི་25.8ལ་ཆད་པ་བཅད་པའི་ནང་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་18ཡོད་པ་རེད།
བརྡ་ཁྱབ་ནང་མངོན་པར། 2023ལོའི་ལོ་སྟོད་དུ་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་ཡིག་བསྐུར་ངོ་བཅར་བརྒྱུད་ཐེར་འདོན་བྱས་པའི་གྱོད་གཞི་ཁྲི་168.6བསྡུ་ལེན་བྱས་པའི་ནང་ཐེར་འདོན་ཞུ་གཏུག་རིགས་ཀྱི་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་གྱོད་གཞི་ཁྲི་52.7ཡོད་པ་རེད། གནད་དོན་གྱི་ཁུངས་སྣེ་ཁྲི་82.8ཐག་གཅོད་བྱས་པའི་ནང་། གླེང་མོལ་དང་ཡིག་སྐུར་བརྒྱུད་འདྲི་རྩད་བྱས་པའི་གྱོད་གཞི་ཁྲི་17ཡོད་པ་རེད། གྱོད་གཞི་ཁྲི་31.6ཐོ་བཀོད་བྱས་པའི་ནང་། ཀྲུང་དབྱང་རྩ་འཛུགས་པུས་དོ་དམ་བྱེད་པའི་ལས་བྱེད་པ་36དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་1588 རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་1.3 ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི་4.2བཅས་ཡོད་པ་རེད། ཐོ་བཀོད་བྱས་པའི་ནང་གོ་གནས་འཁུར་བཞིན་པའམ་ཡང་ན་རྒན་ཡོལ་ཞུས་པའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཁྲི་3.1ཡོད་པ་རེད།
བརྡ་ཁྱབ་ལ་གཞིགས་ན། 2023ལོའི་ལོ་སྟོད་དུ་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“རྣམ་པ་རིགས་བཞིའི”སྐྱོན་བརྗོད་སློབ་གསོར་བརྟེན་ནས་ཁྱོན་མི་ཐེངས་ཁྲི་78.1ལ་རོགས་རམ་དང་ཐག་གཅོད་བྱས་ཡོད། དེའི་ནང་རྣམ་པ་རིགས་དང་པོའི་ཐོག་ནས་སྐྱོན་བརྗོད་དང་སློབ་གསོར་བརྟེན་ནས་མི་ཐེངས་ཁྲི་51.9ལ་རོགས་རམ་བྱས་པ་དེས་མི་ཐེངས་བསྡོམས་འབོར་གྱི་66.4%བཟུང་བ་དང་། རྣམ་པ་རིགས་གཉིས་པའི་ཐོག་ནས་མི་ཐེངས་ཁྲི་20.4ཐག་གཅོད་བྱས་པ་དེས་26.2%བཟུང་བ། རྣམ་པ་རིགས་གསུམ་པའི་ཐོག་ནས་མི་ཐེངས་ཁྲི་2.8ཐག་གཅོད་བྱས་པ་དེས་3.6%བཟུང་བ། རྣམ་པ་རིགས་བཞི་པའི་ཐོག་ནས་མི་ཐེངས་ཁྲི་3ཐག་གཅོད་བྱས་པ་དེས་3.8%བཟུང་ཡོད། དེ་དང་ཆབས་ཅིག་ལྐོག་རྔན་སྤྲོད་ལེན་ལ་མཉམ་དུ་ཞིབ་བཤེར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ལྐོག་རྔན་སྤྲོད་མཁན་7657ཐོ་བཀོད་བྱས་པ་དང་ཞིབ་དཔྱོད་ལས་ཁུངས་ལ་མི་1401རྩིས་སྤྲད་ཡོད།