ཟླ1ཚེས25ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་གྲ་སྒྲིག་བྱ་བའི་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ནས་གོ་རིམ་རྗེས་མའི་གྲ་སྒྲིག་བྱ་བར་བླང་བྱ་བཏོན།
གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་བདེ་བླག་ངང་བསྡུ་བར་འགན་སྲུང་བྱེད་ཆེད། ཚོགས་ཆེན་གྱི་གྲ་སྒྲིག་ལས་ཁུངས་ཀྱི་ཚན་ཆུང་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ཞིང་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ནས་གྲ་སྒྲིག་བྱ་བ་སྣ་ཚོགས་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་ཡོད་ཅེས་བསྟན།
གྲོས་ཚོགས་ལས་ཆབ་སྲིད་གླེང་བ་དང་སྤྱི་ཡོངས་གླེང་བའི་མཐོ་ཚད་ནས་བྱ་བ་སོ་སོ་ཆབ་སྲིད་ཀྱི་ལས་འགན་དུ་བརྩིས་ནས་ཡོངས་འགྲུབ་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་དང་བསམ་བློའི་རང་རྟོགས་མཐོན་པོ། འགུལ་སྐྱོད་རང་རྟོགས་མཐོན་པོ་བཅས་ལ་བརྟེན་ནས་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། ཚན་ཆུང་སོ་སོ་དང་སྡེ་ཁག་སོ་སོས་གཙོ་གཞིའི་འགན་འཁྲི་ནན་མོར་འཁུར་ནས་བྱ་བ་སོ་སོ་ཡང་བསྐྱར་ལེགས་སྒྲིག་དང་ཡང་བསྐྱར་ཞིབ་བཤེར། ཡང་བསྐྱར་སྐུལ་འདེད་གཏོང་དགོས་པར་མ་ཟད། བྱ་བའི་སྔོན་ཇུས་སྔར་ལས་ལེགས་སྒྱུར་དང་ཚད་ལྡན་དུ་གཏོང་བ་དང་། ཐོལ་བྱུང་གནས་ཚུལ་དུས་ལྟར་ཐག་གཅོད་བྱས་ནས་བགྲོད་ལམ་གེགས་མེད་ཡོང་བ་དང་མི་སྣ་བཀོད་སྒྲིག་གོ་རིམ་ལྡན་པར་བྱེད་དགོས། བསམ་བཀོད་གཅིག་གི་བསམ་བློ་བརྟན་པོར་འཛུགས་པ་དང་། ལས་བགོས་གསལ་བོ་བྱས་པའི་རྨང་གཞིའི་སྟེང་གཅིག་གྱུར་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱེད་དགོས་པ་དང་། དྲན་སྐུལ་ཐེངས་མང་དང་རོགས་སྐྱོར་ཐེངས་མང་བྱས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་ཞབས་ཞུའི་འགན་སྲུང་བྱ་བ་སྔར་ལས་བཟང་བོར་བསྒྲུབ་དགོས། དར་ཆ་མཐོན་པོར་སྒྲེང་ནས་ཆབ་སྲིད་གླེང་བ་དང་རང་རྟོགས་སྒོས་ཚོགས་ཆེན་གྱི་སྒྲིག་ཁྲིམས་བརྩི་བསྲུང་བྱེད་དགོས་ལ། གྲོས་ཚོགས་ཀྱི་སྒྲིག་སྲོལ་ཇེ་དྲག་ཏུ་གཏོང་བའི་བླང་བྱ་སྣ་ཚོགས་དོན་འཁྱོལ་བྱེད་དགོས་པར་མ་ཟད། བསམ་པའི་རྣམ་འགྱུར་བཟང་བོ་དང་བྱ་བའི་སྤྱོད་ཚུལ་ནན་མོ་དེ་གྲ་སྒྲིག་བྱ་བའི་ཁྲོད་འདྲེས་པར་བྱེད་དགོས་པ་དང་། སྣང་བརྙན་བཟང་བོ་མངོན་པར་བྱས་ནས་གྲོས་ཚོགས་ཀྱི་གྲ་སྒྲིག་དང་གྲོས་ཚོགས་ཧྲིལ་བོ་བདེ་འཇགས་དང་གོ་རིམ་ལྡན་པར་བྱས་ནས་འགན་འཛོལ་གཅིག་ཀྱང་མེད་པར་བྱེད་དགོས།