ཞིང་ཆེན་སྲིད་གྲོས་འགོ་ཁྲིད་ཀྱིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲ་སྒྲིག་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​ཟླ་དང་པོའི་ཚེས23ཉིན་དང་ཚེས25ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲེན་ཁྲང་སྔ་རྗེས་སུ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཚོགས་ཆེན་གྱི་ཚོགས་ར་དང་ཨུ་ཡོན་བཅའ་སྡོད་བྱ་ཡུལ་དུ་སོང་ནས། ཚོགས་འདུའི་གྲ་སྒྲིག་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་བྱས།

ཝང་ཀྲེན་ཁྲང་སོགས་ཀྱིས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ། འཛུལ་སྒོའི་བདེ་འཇགས་ཞིབ་བཤེར་དང་ཚོགས་ར་བཀོད་སྒྲིག གློག་འོད་དང་སྒྲ འཆར་ངོས་ཀྱི་གསལ་ཚད། ཚོགས་འདུའི་ཐད་གཏོང་སོགས་གྲོས་ཚོགས་ལས་དོན་གྱི་གྲ་སྒྲིག་གནས་ཚུལ་ལ་ལྟ་ཞིབ་ནན་མོ་བྱས། ཟི་ལིང་ཤིན་ཧྭ་ལན་སུའོ་ཧྥེ་ཐེ་གསོལ་མགྲོན་ཁང་དུ། ཨུ་ཡོན་གྱི་ཚན་ཆུང་གྲོས་བསྡུར་བྱ་ཡུལ་གྱི་བཀོད་སྒྲིག་དང་ཟ་མ་དང་སྡོད་ཁང་གི་འགན་སྲུང་། ཁོར་ཡུག་གི་འཕྲོད་བསྟེན། བདེ་འཇགས་བདེ་སྲུང་། འགྲིམ་འགྲུལ་འགྲོ་སྐྱོད་སོགས་ཐད་ཀྱི་གྲ་སྒྲིག་ལས་དོན་ལ་རྒྱུས་ལོན་ཞིབ་མོ་བྱས་པ་ལས་གཞན། འབྲེལ་ཡོད་མི་སྣའི་གནས་ཚུལ་ངོ་སྤྲོད་ལ་ཉན་པར་མ་ཟད།  ཞིབ་ཕྲའི་གནད་དོན་ཐད་ཡུལ་དངོས་ནས་ལེགས་བཅོས་བསམ་འཆར་བཏོན།

ཝང་ཀྲེན་ཁྲང་གིས་ཚོགས་འདུའི་གྲ་སྒྲིག་ལས་དོན་ཁག་ལ་ཁས་ལེན་བྱས་པ་དང་། འབྲེལ་ལས་དོན་མི་སྣས་དཀའ་སྤྱད་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། ལས་དོན་ཚན་ཁག་སོ་སོས་ཆབ་སྲིད་ཀྱི་གནས་བབ་སྔར་ལས་ཇེ་མཐོར་གཏོང་བ་དང་།  ཁྱོན་ཡོངས་ཀྱི་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས་མངོན་སུམ་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དྲག་པོ་དང་ལས་ཀའི་སྤྲོ་སེམས་ཆེན་པོར་བརྟེན་ནས་ཞབས་ཞུའི་འགན་ལེན་ནན་མོ་ཡོང་བར་འབད་དགོས། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱ་རྒྱུར་མཐོང་ཆེན་བྱས་ནས། འགན་འཁྲི་ནན་གཏོང་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། ལས་རིམ་ཁག་ཚང་མ་སྲུབས་མེད་འབྲེལ་མཐུད་ཡོང་བར་འགན་ལེན་བྱས་ནས། ཨུ་ཡོན་ཚོས་ལས་ཆོད་ཆེ་བའི་སྒོ་ནས་འགན་འཁྲི་སྒྲུབ་པར་ཆ་རྐྱེན་བཟང་པོ་བསྐྲུན་དགོས། གནད་དོན་གྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ། ཚོགས་ར་དང་བཅའ་སྡོད་བྱ་ཡུལ་གྱི་སྒྲིག་ཆས། ལས་ཀའི་བརྒྱུད་རིམ་བཅས་ལ་ཡང་བསྐྱར་ཞིབ་བཤེར་དང་སྔར་ལས་འཐུས་ཚང་དུ་བཏང་ནས། ལས་རིམ་ཁག་སོ་སོ་བདེན་སྒྲུབ་དང་ཞིབ་ཕྲ་ཅན། མཐའ་འཁྱོལ་བ་བཅས་ཡོང་བར་རྩེ་གཅིག་ཏུ་འབད་དེ། ནུས་ཤུགས་ཡོད་རྒུས་བདེ་འཇགས་ཡིན་ལ་གོ་རིམ་ལྡན་ཞིང་། འཐུས་ཚང་ཡིན་ལ་བདེ་སྣང་ཆེ་བ་བཅས་ཀྱི་ཚོགས་འདུའི་ཁོར་ཡུག་བསྐྲུན་ནས། ཚོགས་འདུ་རྒྱལ་ཁའི་ངང་བསྡུ་བར་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།