ཟླ་དང་པོའི་ཚེས25ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས།
རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་ཟླ་དང་པོའི་ཚེས27ཉིན་ནས་ཚེས30ཉིན་བར་ཟི་ལིང་དུ་བསྡུ་རྒྱུ་ཡིན་པ་དང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་ཟླ་དང་པོའི་ཚེས26ཉིན་ནས་ཚེས29ཉིན་བར་ཟི་ལིང་དུ་བསྡུ་རྒྱུ་རེད། མིག་སྔར། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་གྲ་སྒྲིག་ཚགས་སུ་ཆུད་པ་བྱས་ཡོད།
ད་ལོའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་གནད་འཁེལ་གྱིས་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རེ་རེའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ།“ལོ་ལྔའི་འཆར་འགོད་བཅུ་བཞི་པ”བདེ་བླག་ངང་མཇུག་བསྒྲིལ་བ་དང་།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོར་རྩོམ་པའི་ལོ་རྒྱུས་ཀྱི་དུས་གནད་དུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན།
ད་ལོའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ལེགས་པོར་འཚོག་ཆེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་དང་དེ་མིན་འབྲེལ་ཡོད་སྡེ་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཚོགས་ཆེན་གྱི་གྲ་སྒྲིག་བྱ་བ་བསྒྲུབས་པ་དང་། ཚོགས་ཆེན་གྱི་གྲ་སྒྲིག་བྱ་བའི་སྒྲིག་གཞི་བཙུགས་ལ། ཚོགས་དོན་ཞབས་ཞུ་དང་རྩ་འཛུགས། དྲིལ་བསྒྲགས། ལོ་ཙཱ། སྲུང་སྐྱོབ། སྤྱི་གཉེར། སྨན་བཅོས་འགན་སྲུང་། ཚོགས་སྲོལ་དང་སྒྲིག་ལམ་ལ་ལྟ་སྐུལ་བྱེད་པ་སོགས་ཀྱི་བྱ་བའི་ཚན་ཆུང་བཙུགས་ཡོད་ལ། ཚན་ཁག་སོ་སོས་བྱ་བའི་འགན་འཁྲི་དང་བྱ་བའི་ཇུས་གཞི་ནན་མོ་བཟོས་པ་དང་གྲ་སྒྲིག་བྱ་བ་སྣ་ཚོགས་དམ་ཟབ་སྒོས་སྤེལ་བཞིན་ཡོད།
མིག་སྔར། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྙན་ཞུ་སྣ་ཚོགས་དང་འབྲེལ་ཡོད་ཡིག་ཆའི་རྒྱུ་ཆ་གྲ་སྒྲིག་བྱས་ཚར་ཡོད། ཚོགས་འདུ་མ་འཚོགས་སྔོན། དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་གཞི་རིམ་དུ་འཚམས་འདྲི་དང་རྟོག་ཞིབ་ཞིབ་མོ་བྱས་ཡོད་པ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློར་རྒྱུས་ལོན་རྒྱ་ཆེར་བྱས་ཏེ། འཕེལ་རྒྱས་ཀྱི་དོན་དངོས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་དང་། ཚོགས་འདུའི་སྐབས་སུ་སྤུས་ཚད་མཐོ་བའི་གྲོས་གཞི་འདོན་པར་གྲ་སྒྲིག་གང་ལེགས་བྱས་ཡོད། ཚོགས་ཆེན་གཉིས་ཀྱི་བྱ་བའི་ཚན་ཆུང་སོ་སོ་ཁྱོན་ཡོངས་ནས“ཚོགས་འདུའི”དུས་རིམ་དུ་ཞུགས་ཡོད་པ་དང་། ཚོགས་འདུ་བདེ་བླག་ངང་འཚོགས་རྒྱུར་ཞབས་ཞུའི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད། ཚོགས་འདུའི་སྐབས་སུ། ཚོགས་འདུའི་བྱ་སྤྱོད་དང་སྒྲིག་ལམ་ལྟ་སྐུལ་ཚན་ཆུང་གིས་ཚོགས་ཆེན་གྱི་བྱ་སྤྱོད་དང་སྒྲིག་ལམ་གཟབ་ནན་སྒོས་ལག་བསྟར་བྱེད་པའི་བླང་བྱ་དོན་འཁྱོལ་བྱ་རྒྱུ་དང་། འཐུས་མི་དང་ཨུ་ཡོན། ཟུར་ཞུགས་མི་སྣ། བྱ་བའི་མི་སྣ་བཅས་ཀྱིས་ཚོགས་འདུའི་སྒྲིག་ལམ་བརྩི་སྲུང་བྱེད་པ་སོགས་ཀྱི་གནས་ཚུལ་ལ་བརྒྱུད་རིམ་ཧྲིལ་བོར་ལྟ་སྐུལ་ཞིབ་བཤེར་ནན་མོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྤྱོད་གཙང་གཞུང་དྲང་དང་དངོས་གཉེར་ནུས་ཆེའི་ཚོགས་འདུའི་རྣམ་པ་བསྐྲུན་རྒྱུ་རེད།