ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལྟར། ཟླ་དང་པོའི་ཚེས25ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས2025ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་དང་ཀྲུང་དབྱང་གི་སྐོར་ཞིབ་དག་ཐེར་གྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས། ཚོགས་འདུ་ལས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོ་འཚོ་བའི་ཚོགས་འདུ་ཚད་ཤིང་དུ་བྱས་ནས།“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། མཁྲེགས་གཏོར་དང་ཡུན་རིང་འབད་འཐབ་བྱེད་པའི་ཆོད་སེམས་དང་སྙིང་རུས་ལ་བརྟེན་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་འབད་བརྩོན་ལྷོད་མེད་སྒོས་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་གི་སྐོར་ཞིབ་དང་རྩིས་བཤེར་སོགས་ལས་རྙེད་པའི་གནད་དོན་དག་ཐེར་བྱེད་པར་སྐུལ་འདེད་བཏང་སྟེ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་སྐུལ་འདེད་གཏོང་བ། སྤྱོད་ཚུལ་བཟང་པོར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་དང་དངོས་སྒྲུབ་དངོས་གཉེར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས། རྒྱུན་ལས་ཨུ་ཡོན་བློ་མཐུན་ཚོས་ལག་ལེན་དང་བྱ་བ། སྤྱོད་ཚུལ་དངོས་ལ་དམ་པོར་སྦྲེལ་ཏེ། གནད་དོན་ལ་ཞིབ་བཤེར་དང་དབྱེ་ཞིབ། ཏང་གཤིས་དབྱེ་ཞིབ་གཏིང་ཟབ་བྱས་ནས། བསམ་བློ་སྔར་ལས་ལྷག་པའི་གཅིག་གྱུར་དང་། སྤྱོད་ཚུལ་སྦྱོང་བརྡར། བྱ་བར་སྐུལ་འདེད་བཅས་བྱས།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་འགོ་འཛིན་བྱས་པ་མ་ཟད་སྤྱི་བསྡོམས་གཏམ་བཤད་སྤེལ། ཀྲུང་དབྱང་རྩ་འཛུགས་པུའུ་པུའུ་དོན་ཨུ་ཡོན་ནམ་ལས་བྱེད་པའི་ཅུས་དང་པོའི་ཅུས་ཀྲང་ཧྲི་ཅུན་དང་། ཀྲུང་དབྱང་སྐོར་ཞིབ་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་བློ་མཐུན། 2025ལོའི་ཞིང་ཆེན་དང་པུའུ་རིམ་པའི་ལས་ཁུངས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་དམངས་གཙོ་འཚོ་བའི་ཚོགས་འདུའི་ལྟ་སྐུལ་ཚན་ཆུང9པ་ཚོགས་འདུར་ཞུགས་ནས་མཛུབ་ཁྲིད་བྱས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དམངས་གཙོ་འཚོ་བའི་ཚོགས་འདུ་བདེ་བླག་ངང་འཚོག་པར་ཚད་མཐོའི་མཐོང་ཆེན་བྱས་ཏེ། བྱ་བའི་ཇུས་གཞི་ནན་ཏན་གྱིས་བཟོས་པ་དང་། གྲ་སྒྲིག་བྱ་བ་སྣ་ཚོགས་ཞིབ་ཚགས་ཀྱིས་ལེགས་པར་བསྒྲུབས་ཡོད། གྲོས་ཚོགས་ཀྱི་སྔོན་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གིས་ཐུན་མོང་གྲོས་བསྡུར་དང་མི་སྒེར་གྱི་རང་སྦྱོང་ཟུང་འབྲེལ་བྱས་ནས། བསམ་བློའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་བསྣན་པ་དང་། ཕྱོགས་ཡོངས་ནས་རང་བཤེར་ཞིབ་བཤེར་དང་། དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་དབྱེ་ཞིབ་གཏིང་ཟབ་བྱས་ལ། བསམ་འཆར་དང་གྲོས་གཞི་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པ་དང་། སེམས་གཏམ་གླེང་བའི་བྱ་བ་གཏིང་ཟབ་ཏུ་སྤེལ་ལ། ཞིབ་བཤེར་རྒྱུ་ཆ་ནན་ཏན་གྱིས་བྲིས་པས། དམངས་གཙོ་འཚོ་བའི་ཚོགས་འདུ་བདེ་བླག་ངང་འཚོགས་པར་རྨང་གཞི་བརྟན་པོ་བཏིངས་ཡོད།
ཚོགས་འདུ་ལས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་དམངས་གཙོ་འཚོ་བའི་ཚོགས་འདུའི་བསམ་འཆར་བསྡུ་ལེན་བྱས་ཚུལ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི2024ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་བཤེར་འདོན་གནད་དོན་ལེགས་བཅོས་དོན་འཁྱོལ་བྱས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཡིག་ཐོག་ནས《2025ལོའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ》ཁྱབ་བསྒྲགས་བྱས། ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་ཚབ་བྱས་ཏེ་ལྟ་བསྡུར་ཞིབ་བཤེར་བྱས་པ་མ་ཟད། སྣེ་ཁྲིད་ནས་མི་སྒེར་གྱི་ལྟ་བསྡུར་ཞིབ་བཤེར་བྱས་པ་དང་། རྒྱུན་ལས་ཨུ་ཡོན་བློ་མཐུན་གཞན་དག་གིས་རེ་རེ་བཞིན་ལྟ་བསྡུར་ཞིབ་བཤེར་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་མོ་བྱས།
ཝུའུ་ཞའོ་ཅུན་གྱིས་སྤྱི་བསྡོམས་གཏམ་བཤད་ཁྲོད་བསྟན་དོན། ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུའི་སྟེང་ཚང་མས་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། བསམ་བློའི་གྲ་སྒྲིག་གང་ལེགས་དང་གནད་དོན་བཤེར་འདོན་གཏིང་ཟབ། སྐྱོན་བརྗོད་གཏིང་ཟབ་བཅས་བྱས་ནས་སྤུས་ཚད་མཐོ་བ་དང་། དར་སྲོལ་གསར་པ། ཕན་འབྲས་བཟང་པོ་བཅས་ཐོན་ནས། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་གཅིག་གྱུར་བྱེད་པའི་རེ་བར་སླེབས་ཡོད། རྗེས་ཕྱོགས་ཀྱི་བྱ་བ་དངོས་སུ་ལེགས་པོར་བསྒྲུབ་སྟེ། དམངས་གཙོ་འཚོ་བའི་ཚོགས་འདུའི་གྲུབ་འབྲས་དེ་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་སུ་བསྒྱུར་ནས། མང་ཚོགས་ལ་དག་ཐེར་བྱས་རྗེས་ཀྱི་རྣམ་པ་གསར་པ་དང་འགྱུར་ལྡོག་གསར་པ་དངོས་སུ་ཚོར་དུ་འཇུག་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོ་ཡིན་ལ། བྱ་བ་སྣ་ཚོགས་ལེགས་པོར་སྒྲུབ་རྒྱུ་ནི་ཆེས་གནད་འགག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོ་འཚོ་བའི་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ། རང་འགུལ་སྒོས“ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ། འགན་འཁུར། རང་གཅུན”བཅས་ཀྱི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པ་དང་།“སྣེ་ཁྲིད་ལྔ”ཡི་བླང་བྱ་དེ་བྱ་སྤྱོད་ཀྱི་ཚད་གཞིར་བྱས་ནས། དུས་ནམ་ཡང་དཔེ་བསྡུར་ཚད་བསྡུར་དང་རང་རྟོགས་རང་སད་བྱས་ཏེ། དངོས་ཡོད་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཏང་ལ་བློ་དཀར་བ་དང་མི་དམངས་ལ་འགན་འཁུར་བ་མཚོན་ཡོད། ཀྲུང་དབྱང་གི་སྐོར་ཞིབ་ལ་བསྟན་པའི་གནད་དོན་དག་ཐེར་གྱི་ཆབ་སྲིད་འགན་འཁྲི་ཏན་ཏིག་གིས་ཁུར་ནས། གནད་དོན་ཐག་གཅོད་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། དག་ཐེར་དོན་འཁྱོལ་དམ་འཛིན་བྱས་ཏེ། དག་ཐེར་གྱི་ཕན་འབྲས་ལ་ཏང་ཀྲུང་དབྱང་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཡིད་ཚིམ་པར་བྱེད་དགོས། ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་བཅུ་པའི་བཀོད་སྒྲིག་ལྟར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་པ་བརྟན་པོར་འཛུགས་པ་དང་ལག་ལེན་དུ་བསྟར་ནས། དྲིན་ཚོར་བ་དང་བརྩེ་བ་ལྡན་པ། དངོས་སྒྲུབ་ལ་མཐོང་ཆེན་བཅས་བྱས་ཏེ། སྲུང་སྐྱོབ་དང་འཕེལ་རྒྱས། དམངས་འཚོ། བདེ་འཇགས་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ནས་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བ་དང་། འཆར་འགོད་བྱས་མ་ཐག་ལག་ལེན་དུ་བསྟར་བའི་འདུ་ཤེས་དྲག་པོ་དང་། འགག་སྒྲོལ་དཀའ་སེལ་གྱི་ཟུངས་ཤུགས་། རིམ་པ་བཞིན་ལག་ལེན་ལ་འབད་པའི་བྱེད་ཐབས་བཅས་ལ་བརྟེན་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པར་འབད་བརྩོན་བྱེད་དགོས།
ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ་གྲོས་ཚོགས་ལ་ཟུར་ཞུགས་བྱས་པ་མ་ཟད་བསམ་འཆར་དང་གྲོས་གཞི་བཏོན།