ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ1ཚེས24ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་ཐེངས་ང་བདུན་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་ཝང་ལི་མིང་གིས་འགོ་འཛིན་བྱས། དབྱང་ཧྥིན་ཁྲུན་དང་། ཉི་མ་སྒྲོལ་མ། ཀྲང་ཧོང་ཡོན། ལུའི་ཀང་། ཝང་ཅིན་ཀྲའེ། ཁྲེན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས། ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།

གྲོས་ཚོགས་ལས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནུས་ལྡན་སྒོས་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གསུང་བཤད་གལ་ཆེན་གནང་བ་དེས། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བ་དང་རུལ་སུངས་ངོ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཞིང་། རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་འགོ་རྩོམ་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་བ་དེར། མིག་རྒྱང་རིང་ཞིང་དགོངས་པ་ཟབ་ལ། ཆབ་སྲིད་རང་བཞིན་དང་གཞུང་ལུགས་རང་བཞིན། ཁ་གཏད་རང་བཞིན་དང་མཛུབ་སྟོན་རང་བཞིན་བཅས་དྲག་པོ་ལྡན་ཞིང་། བློ་རྩ་བརྟན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བསྐྲུན་པའི་ཐད་དོན་སྙིང་གལ་ཆེན་ལྡན་པས། གཞི་གཅིག་ཏུ་སློབ་སྦྱོང་དང་གོ་བ་ལེན་དགོས་ཤིང་། ལག་བསྟར་དང་དངོངས་འབེབས་དམ་འཛིན་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་ཁྱབ་པ་ཤུགས་དྲག་ཏུ་བཏང་སྟེ། རང་རྟོགས་སྒོས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཆེས་མཐོ་བའི་ཆབ་སྲིད་ཀྱི་རྩ་དོན་དམངས་ཆེན་བྱ་བའི་བརྒྱུད་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་དོན་འཁྱོལ་བྱས་ཏེ། དམངས་ཆེན་བྱ་བའི་ཡང་དག་པའི་ཁ་ཕྱོགས་ལ་ཁག་ཐེག་བྱེད་དགོས། དཀྱིལ་སྙིང་ལས་འགན་ལ་དམིགས་ནས་ཁྲིམས་ལྟར་འགན་སྒྲུབ་བྱས་ཏེ། རང་རྟོགས་སྒོས་དམངས་ཆེན་བྱ་བ་དེར་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཕེལ་རྒྱས་སྤྱི་ཡོངས་ཁྲོད་ནས་ཞིབ་ལྟ་དང་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྤྱི་ཡོངས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་དགོས། ལས་ཁུངས་བཞིའི་ངེས་གནས་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ། རང་ངོས་འཛུགས་སྐྲུན་དོན་ལྡན་དུ་གཏོང་བ་དང་། དཔུང་ཁག་སྟོབས་ལྡན་ཞིག་བསྐྲུན་ནས་ཁྲིམས་ལྟར་འགན་སྒྲུབ་བྱེད་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།