“བློ་འདོན་ཇུས་འབུལ”འཐུས་མི་མ་ཧྥུ་ཁྲང་གིས་རང་རྒྱལ་གྱི་ནད་ཡམས་འགོག་ཟོན་གྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་ལས་ཤུགས་སྣོན་དགོས་པའི་གྲོས་གཞི་བཏོན་པ།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།
སྤེལ་དུས། 2023-03-13 15:21:36
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ལོ་གསུམ་གྱི་རིམས་ནད་འགོག་ཟོན་ལས་དོན་ཁྲོད། རིམ་པ་སོ་སོའི་ནད་ཡམས་འགོག་ཟོན་ལས་ཁུངས་ཀྱིས་ནུས་པ་འདོན་སྤེལ་གང་ལེགས་བྱས་མོད། འོན་ཀྱང་མི་འདང་བའི་ཆ་དང་ནུས་པ་ཞན་པ་སོགས་ཀྱི་གནད་དོན་སྔར་བཞིན་མངོན་གསལ་ཡིན་པས། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་མཱ་ཧྥུ་ཁྲང་གིས་རང་རྒྱལ་གྱི་རིམས་ནད་འགོག་ཟོན་ཐད་ཀྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་ལས་ཤུགས་སྣོན་བྱ་དགོས་པའི་གྲོས་གཞི་བཏོན།
གྲོས་གཞིའི་ནང་བཤད་རྒྱུར། ཤེས་ལྡན་པ་གསོ་སྐྱོང་དང་མི་ཤུགས་ཐད་ཤུགས་རྒྱག་རྒྱུ་ནི་རང་རྒྱལ་གྱི་རིམས་ནད་འགོག་ཟོན་མ་ལག་སྒྱུར་བཅོས་ཀྱི་རྩ་བའི་གནས་ཚུལ་ཡིན་པས། རིམས་ནད་འགོག་ཟོན་དང་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་འཕྲལ་སྡོམ་ཐད་ཀྱི་ལས་དོན་ཡོད་ཚད་མི་ལ་བརྟེན་ནས་དོན་འཁྱོལ་བྱེད་དགོས། དེར་བརྟེན་གྲོས་གཞི་བཏོན་པ་འདི་ལྟ་སྟེ། གཅིག་ནས་རིམས་ནད་འགོག་ཟོན་གྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་ནས། རིམ་པ་སོ་སོའི་རིམས་ནད་འགོག་ཟོན་སྒྲིག་གཞིའི་མིའི་སྒྲིག་ཁོངས་ལ་ཚན་རིག་དང་མཐུན་པའི་ངང་ཞིབ་བཤེར་གཏན་འཁེལ་བྱེད་པ་དང་འབྲེལ། བཀོད་སྒྲིག་འདང་ངེས་བྱས་ཏེ་མཚོ་སྔོན་ཞིང་ཆེན་སོགས་ནུབ་རྒྱུད་ཀྱི་ཁད་རིང་ས་ཁུལ་ལ་འོས་འཚམ་ངང་གཟིགས་སྐྱོང་བྱེད་དགོས་པ། གཉིས་ནས་ནད་ཡམས་ཚོད་འཛིན་གྱི་ཤེས་ལྡན་པའི་དཔུང་ཁག་གི་ལས་སྒོའི་ནུས་པ་འཛུགས་སྐྱོང་ལ་ཤུགས་བསྣན་ནས། རིམ་པ་སོ་སོའི་རིམས་ནད་འགོག་ཟོན་གྱི་ཆེད་ལས་ལག་རྩལ་པའི་བསྡུར་ཚད་མཐོ་རུ་གཏོང་བ། མཐོ་རིམ་བསྐོས་ཐང་ལས་གནས་ཀྱི་བསྡུར་གྲངས་དང་མི་གྲངས་འོས་འཚམ་གྱིས་ཇེ་མང་དུ་གཏོང་བ། གསོ་སྦྱོང་དང་། ཆོག་འཐུས་ཡོང་བ། དཔྱད་ཞིབ་གདེང་འཇོག་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། གསུམ་ནས་སྤྱི་པའི་འཕྲོད་བསྟེན་ལས་ཁུངས་ཀྱི་གླ་ཕོགས་མ་ལག་དང་སྐུལ་ལྕག་ལམ་སྲོལ་བཙུགས་ནས་འཐུས་ཚང་དུ་གཏོང་བ། རིམས་ནད་འགོག་ཟོན་ལས་ཁུངས་ཀྱི་ལས་འབྲས་གླ་ཕོགས་ཀྱི་གདེང་འཇོག་སྐུལ་ལྕག་ལམ་ལུགས་བཟོས་ནས། རིམས་ནད་འགོག་ཟོན་ལས་དོན་དཔུང་ཁག་བརྟན་པོ་ཡོང་བ་བྱེད་དགོས། བཞི་ནས་རིམས་ནད་འགོག་ཟོན་ལས་ཁུངས་ཀྱི་ཤེས་ལྡན་པ་གསོ་སྐྱོང་དང་དཔུང་ཁག་འཛུགས་སྐྱོང་བྱས་ནས། ཞིང་ཆེན་རིམ་པའི་རིམས་ནད་འགོག་ཟོན་ལས་ཁུངས་ཀྱི་ཤེས་ལྡན་པའི་གསོ་སྦྱོང་རྟེན་གཞི་བཙུགས་ཏེ། རིམས་ནད་འགོག་ཟོན་ལས་ཁུངས་ཀྱི་ཆེད་ལས་མི་སྣའི་རིགས་པའི་གཞུང་ལུགས་དང་ཆེད་ལས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱུ་བཅས་རེད།
ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།