【ཚོགས་ཆེན་གཉིས་སྟེང་གི་ཐབས་འདོན་ཇུས་འབུལ】ཨུ་ཡོན་ཀྲུའུ་ཁྲུན་ཡུན་གྱིས་རྩད་ཞིབ་འཚེ་མེད་ལག་རྩལ་ཁྱབ་གདལ་བཏང་ནས་མདོ་དབུས་མཐོ་སྒང་གི་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་རྩད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་པ།
ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།
སྤེལ་དུས། 2023-03-09 11:19:05
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གཏེར་ཁའི་ཐོན་ཁུངས་རྩད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ཁུངས་ཀྱི་གཞི་གྲངས་མཐིལ་རྟོགས་ཐུབ་པ་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་ཐོན་ཁུལ་གྱི་གྲབས་གསོག་ནུས་པ་ཆེར་བསྐྱེད་དང་། རྒྱལ་ཁབ་ཀྱི་གནད་འགག་རང་བཞིན་གྱི་འཐབ་ཇུས་ཐོན་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་པ་བཅས་ལ་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན། དེར་བརྟེན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་མཚོ་སྔོན་དུ་བཅའ་སྡོད་བྱས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུའུ་ཁྲུན་ཡུན་གྱིས་འཚེ་མེད་རྩད་ཞིབ་ལག་རྩལ་ཁྱབ་གདལ་བཏང་སྟེ། མདོ་དབུས་མཐོ་སྒང་གི་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་རྩད་ཞིབ་ལ་ཤུགས་ཆེན་པོ་རྒྱག་དགོས་པའི་བསམ་ཚུལ་བཏོན་པ་རེད།
གྲོས་གཞིའི་ནང་མདོ་དབུས་མཐོ་སྒང་ནི་རང་རྒྱལ་གྱི་སྐྱེ་ཁམས་སྲུང་སྐྱོང་ཁུལ་གལ་ཆེན་ཞིག་ཡིན་ཞིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོང་འཐབ་ཇུས་ལག་ལེན་གཏིང་ཟབ་ཏུ་དང་། དེའི་ཁྲོད་སྲོལ་རྒྱུན་གྱི་གཏེར་འཚོལ་ལག་རྩལ་ལ་ཚད་བཀག་ཐེབས་པའི་བབ་དང་བསྟུན་ནས་རང་རྒྱལ་གྱི་འཐབ་ཇུས་ཐོན་ཁུངས་གྲབས་གསོག་ཁུལ་གལ་ཆེན་གྱི་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་བྱ་བར་ཚོད་འཛིན་ཐེབས་ཡོད། ཡིན་ན་ཡང་ཁས་ལེན་བྱེད་འོས་པ་ཞིག་ནི་སྲུང་སྐར་རྒྱང་ཚོར་སོགས་དེང་རབས་ལག་རྩལ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་རྒྱལ་ནང་གི་གཏེར་འཚོལ་ལག་རྩལ་ལ་ཡང་ཡར་རྒྱས་ཆེན་པོ་བྱུང་ནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་ལ་གསར་གཏོད་ཀྱི་ལམ་བུ་ཞིག་རྙེད།
ཀྲུའུ་ཁྲུན་ཡུན་གྱིས་རྩད་ཞིབ་འཚེ་མེད་ལག་རྩལ་གྱི་ཚན་ཞིབ་འདེགས་སྐྱོར་དང་ལས་གཞིར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འཚེ་མེད་རྩད་ཞིབ་ཀྱི་ལག་རྩལ་གསར་པ་དང་། སྒྲིག་ཆས་གསར་པ། གྲུབ་འབྲས་གསར་པ་བཅས་བེད་སྤྱོད་ཁྱབ་གདལ་ལ་ཤུགས་ཆེན་པོ་བརྒྱབ་ཏེ། རྩད་ཞིབ་ལས་ཀས་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་མི་བཟོ་བ་འམ་ཡང་ན་ཇེ་ཆུང་དུ་གཏང་དགོས། ས་གཤིས་གཏེར་འཚོལ་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཐབས་ལག་རྩལ་གསར་གཏོད་ལ་ཤུགས་སྣོན་དང་། ཐོན་ཁུངས་རྩད་ཞིབ་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་བ། ས་ཁོངས་མི་འདྲ་བའི་ཐོན་ཁུངས་རྩད་ཞིབ་ཀྱི་གཙོ་གནད་འཁྲུལ་མེད་འཚོལ་ཞིབ་དགོས་པ་དང་། དོ་དམ་ལ་ཤུགས་བསྣན་ནས་དཔེ་དབྱིབས་གསར་པ་འཚོལ་ཞིབ་བྱས་ཏེ། གཏེར་ཁའི་ཐོན་ཁུངས་རྩད་ཞིབ་འཚེ་མེད་མངོན་འགྱུར་བྱས་ནས་གཏེར་ཁའི་ཐོན་ཁུངས་འཚེ་མེད་རྩད་ཞིབ་ལག་རྩལ་འདེགས་སྐྱོར་མ་ལག་གཏོད་དགོས། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོའི་བར་གྱི་འབྲེལ་བ་སྔར་བས་མཐུན་སྦྱོར་བྱས་ནས་འཐབ་ཇུས་ཐོན་ཁུངས་ཀྱི་བདེ་འཇགས་འདུ་ཤེས་ཆེར་བསྐྱེད་དང་། སྐྱེ་ཁམས་སྲུང་སྐྱོང་གི་རྨང་གཞིའི་ཐོག་འཚེ་མེད་གཏེར་འཚོལ་ལག་རྩལ་སྤྱད་དེ“ས་མཐོའི་ཚྭ་མཚེའུ”དང་། “ཨའར་ཅིན་ཧྲན་རི”“ཁུ་ནུ་རི་བོ”“གངས་ཏི་སེ”“ལྷོ་ནུབ་གཙང་གསུམ”སོགས་གཏེར་ཁ་ཆགས་ཁུལ་གལ་ཆེན་གྱི་ལྕགས་རིགས་དཀོན་རིགས་སོགས་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་རྩད་ཞིབ་བྱ་བར་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།།
གཡང་སྐྱིད་ཀྱིས་བསྒྱུར།