བོད་ཀྱི་གསོ་བ་རིག་པའི་ལྟེ་གནས་བསྐྲུན་པའི་ཐད་བཏོན་པའི་གྲོས་གཞི།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།
སྤེལ་དུས། 2023-03-09 09:54:30
རང་རེའི་དྲ་བའི་འཕྲིན། བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་ལ་ལོ་རྒྱུས་ཀྱི་རྒྱུན་རིང་པ་དེ་ནི་མེས་རྒྱལ་གྱི་མི་རིགས་གསོ་རིག་དང་སྨན་རྫས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། བོད་ཀྱི་གསོ་རིག་དང་བོད་སྨན་ལ་མདོ་དབུས་མཐོ་སྒང་གི་མི་རིགས་སོ་སོའི་མི་དམངས་ཀྱི་ཡིད་ཆེས་ཟབ་མོ་ཐོབ་ཅིང་། མཐོ་སྒང་མི་དམངས་ཀྱི་བདེ་ཐང་འགན་སྲུང་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། དེར་བརྟེན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་མཚོ་སྔོན་དུ་བཅའ་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ཁུན་གྱིས་མཚོ་སྔོན་དུ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག(བོད་ཀྱི་གསོ་བ་རིག་པ)ལྟེ་གནས་འཛུགས་པར་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།
གྲོས་གཞིའི་ནང་མཚོ་སྔོན་སོགས་ཞིང་ཆེན་ནི་དཔལ་འབྱོར་འཕེལ་རྒྱས་ཞན་བའི་ས་ཁུལ་དུ་གཏོགས་པས། བོད་ཀྱི་གསོ་རིག་དང་བོད་སྨན་གྱི་སྤུས་ལེགས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་ཡོད་པས་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད། དུས་རབས་གསར་པར་སླེབས་སྐབས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྲུང་ལུགས་གསོ་རིག(བོད་ཀྱི་གསོ་བ་རིག་པ)ལྟེ་གནས་བསྐྲུན་པར་རྒྱབ་སྐྱོར་བྱས་ནས་བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་གྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས་པ་དང་། བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། བོད་ཀྱི་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་བསྣན་ནས་བོད་ཀྱི་གསོ་རིག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།
ཝང་ཁུན་གྱིས་རྒྱལ་ཁབ་ཀྲུང་ལུགས་གསོ་རིག(བོད་ཀྱི་གསོ་བ་རིག་པ)ལྟེ་གནས་དེ་རྒྱལ་ཁབ་གསོ་རིག་ལྟེ་གནས་ཀྱི་འཆར་འགོད་ནང་བཅུག་ནས། བོད་ཀྱི་གསོ་རིག་གི་གཞི་གྲངས་ཆེན་མོའི་ལྟེ་གནས་སོགས་གསར་གཏོད་ཞིབ་འཇུག་ལས་སྟེགས་བཏོད་དེ། བོད་ཀྱི་གསོ་རིག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱས་ནས་དེའི་ཕྱོགས་བསྡུས་སྨན་བཅོས་ཞབས་ཞུའི་ནུས་པ་དང་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་ལ་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏང་དགོས། དུས་འགོའི་གྲ་སྒྲིག་བྱ་བ་ཡག་པོ་བསྒྲུབས་ནས་ཆེད་མཁས་པ་སྒྲིག་འཛུགས་ཀྱིས་འབྲེལ་ཡོད་དམིགས་ཚད་ལ་རིགས་པས་ཁུངས་སྐྱེལ་བྱས་ཏེ། ཆུ་ཚད་མཐོ་བའི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ཁུངས་མཁོ་སྤྲོད་རྒྱ་སྐྱེད་ནས། ཀྲུང་ལུགས་གསོ་རིག་དང་གསོ་བ་རིག་པ(བོད་ཀྱི་གསོ་བ་རིག་པ)ལྟེ་གནས་དེ་ཚན་ཞིབ་གྲུབ་འབྲས་གལ་ཆེན་གཞན་སྒྱུར་གྱི་མཐོ་ས་དང་སྣེ་ཁྲིད་ཤེས་ལྡན་པ་གསོ་སྐྱོང་གི་རྟེན་གཞིར་འགྱུར་བར་སྐུལ་འདེད་གཏང་དགོས། རྒྱལ་ཁབ་གསོ་རིག་ལྟེ་གནས་བསྐྲུན་པར་བརྟེན་ནས་བོད་ཀྱི་གསོ་རིག་གི“རྒྱུད་གཅིག་ལམ་གཅིག”གི་འཕེལ་རྒྱས་ཚོགས་པ་བཙུགས་ཏེ་རྐང་འཛིན་ཤེས་ལྡན་པ་ཁག་ཅིག་གསོ་སྐྱོང་བྱས་ནས་བོད་ཀྱི་གསོ་རིག་དང་བོད་སྨན་གྱི་རྒྱལ་སྤྱིའི་མཉམ་ལས་ཆེད་དོན་འདུ་འགོད་ལག་ལེན་བསྟར་ཏེ། ཀྲུང་ལུགས་དང་བོད་ཀྱི་གསོ་བ་རིག་པ་སྤྱི་ཡོངས་ཀྱི་ལྟ་བའི་རིགས་པའི་གཞུང་ལུགས་ལ་སྔར་ལས་མང་བའི་ཁས་ལེན་ཐོབ་དགོས་པ་དང་། བོད་ཀྱི་གསོ་རིག་དང་བོད་སྨན་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་དང་རིག་གནས་བརྒྱུད་སྒྲོག་དང་དྲིལ་སྒྲོག་བྱས་ནས་རྒྱལ་སྤྱིའི་ཐོག་གི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས་པ་བཏོན།
ལོ་ཙཱ་བ། ལྷ་ཆེན་རྒྱལ།