2023ལོའི་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དཔྱིད་དུས་སློབ་གཞི་པར་འདེབས་འགྲེམས་སྤེལ་བྱ་བ་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱུང་།
ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།
རྩོམ་སྒྲིག་པ། ཁོན་ཐར་འཚོ།
སྤེལ་དུས། 2023-03-06 09:29:27
རང་རེའི་དྲ་བའི་འཕྲིན། སློབ་འགོ་ཚུགས་པའི་དུས་ཚོད་སྔ་སྣུར་དང་། སློབ་དེབ་པར་གཞི་རྩིས་སྤྲོད་ནར་འགྱངས་བྱེད་པ། པར་འདེབས་འགྲེམས་སྤེལ་བྱེད་ཡུན་ཐུང་དུ་གཏོང་བ་སོགས་ཀྱི་དཀའ་ངལ་ཆེ་བའི་འགྲན་སློང་འཕྲད་སྐབས། ཞིང་ཆེན་ཡོངས་ཀྱི་པར་འདེབས་འགྲེམས་སྤེལ་ཐད་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་མྱུར་ཚད་མགྱོགས་སུ་བཏང་ནས།སློབ་ཁྲིད་བྱ་བ་རྒྱུན་གཏན་ངང་སྤེལ་རྒྱུར་དུས་ཚོད་ཐོབ་ཐབས་བྱས་པ་དང་།2023ལོར་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དཔྱིད་དུས་སློབ་གཞི་པར་འདེབས་འགྲེམས་སྤེལ་བྱ་བ་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་རེད།
དཔྱིད་ཀའི་སློབ་དེབ་པར་བཏབ་སྟེ་འགྲེམས་སྤེལ་བྱ་རྒྱུའི་ལས་འགན་འགྲེམས་བསྒྲགས་བྱས་རྗེས། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་མགྱོགས་མྱུར་ངང་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་དང་། མཚོ་སྔོན་ཞིན་ཧྭ་མི་རིགས་པར་ཁང་ཚད་ཡོད་འགན་འཁྲི་ཀུང་སི། མཚོ་སྔོན་ཞིང་ཆེན་ཞིན་ཧྭ་འགྲེམས་སྤེལ(ཚོགས་པ)ཚད་ཡོད་ཀུང་སི་སོགས་འབྲེལ་ཡོད་དཔེ་སྐྲུན་འགྲེམ་སྤེལ་ལས་ཁུངས་ཀྱིས་གྲུབ་པའི“སློབ་ཁྲིད་སྔོན་ལ་དཔེ་ཆ་འབྱོར་བའི་འཕྲལ་བསྟུན་བྱ་བའི་ཚོ་ཆུང་”བཙུགས། སློབ་ཁྲིད་བྱ་བ་རྒྱུན་གཏན་ལྟར་སྤེལ་རྒྱུར་འགན་ལེན་བྱ་རྒྱུ་དམིགས་ཚད་དུ་བྱས་ནས་ཞིབ་ཚགས་པའི་མཁོ་སྤྲོད་འགན་ལེན་གྱི་ཇུས་གཞི་བཟོས་ཏེ་སློབ་འགོ་ཚུགས་པའི་དུས་ཚོད་དུས་མཚམས་སུ་བྱས་ནས།ལས་ཀའི་ལས་རིམ་དང་ལས་ཡུན་ལྡོག་སྒྲིག་བྱས་ཏེ་རིམ་དབྱེའི་ཐོག་ནས་སློབ་དེབ་པར་འགྲེམས་དང་སྡེབ་སྐྱེལ་བྱ་བ་ཡག་པོ་སྒྲུབ།
ཞིང་ཆེན་ཡོངས་ཀྱི་པར་འདེབས་འགྲེམས་སྤེལཐད་ཉིན40ལྷག་ཙམ་གྱི་ཉིན་མཚན་མེད་པར་འབད་འཐབ་བྱས་པ་བརྒྱུད། ཟླ2པའི་ཚེས27ཉིན་སྡེབ་སྐྱེལ་མི་སྣས་སློབ་དེབ་མཐའ་མ་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་དཔོན་སྐོར་ཡུལ་ཚོའི་ཞག་སྡོད་ལམ་ལུགས་ཀྱི་བོད་ཡིག་སློབ་ཆུང་གི་བྱིས་པ་ཚོའི་ལག་ཏུ་སྤྲད་པ་དང་། 2023ལོའི་དཔྱིད་དུས་སུ་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་1098དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྲི88ཙམ། སློབ་གཞི་ཁྲི991བཅས་པར་འདེབས་འགྲེམས་སྤེལ་བྱ་བ་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་རེད།
ལོཙཱ་བ། ཤ་མོ་འཚོ།