འདས་ཟིན་པའི་ལོ་ངོ5ཡི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གིས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་དང་འཕེལ་རྒྱས་ཀྱི་ལས་འགན་ལྕི་མོར་ཁ་གཏད་དེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་པ་དང་། འཕར་སྣོན་བརྟན་བརླིང་དང་བཅོས་བསྒྱུར་ལ་སྐུལ་འདེད། གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་སྔོན་འགོག བརྟན་བརླིང་འགན་སྲུང་བཅས་ཀྱི་བྱ་བ་སོ་སོར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ནས། དམིགས་འབེན་ལས་འགན་སྣ་ཚོགས་བདེ་བླག་ངང་འགྲུབ་པ་དང་། རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྒོ་ཀུན་ནས་མཐོར་འདེགས་བྱུང་སྟེ། དེང་རབས་ཅན་གྱི་དགའ་བདེ་གསར་པ་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་བཏིང་།
སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ།
རྩྭ་ཐང་བཅོས་སྐྱོང་དང་ནགས་སྐྲུན་སྡོང་འཛུགས། ཞན་འགྱུར་རྩྭ་ཐང་ལེགས་བཅོས་སོགས་ཀྱི་བྱ་བ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ། རྩྭ་ཐང་སྔོ་ཁེབས་ཀྱི་ཚད་མུ་མཐུད་མཐོར་འདེགས་བཏང་། གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཞི་གཙང་མ་བཅས་སྲུང་སྐྱོང་བྱེད་པའི་དམག་འཐབ་མུ་མཐུད་དུ་བརྒྱབ་པ་དང་། ས་ཁོངས་ཡོངས་ཀྱི་མཁའ་དབུགས་དང་ཆུ་ཁུངས་དང་འབབ་རྒྱུད་བཅས་ཀྱི་ཆུ་སྤུས་རྒྱུན་སྐྱོང་ལེགས་པོ་བྱེད་པ། རྫོང་ཁོངས་ཀྱི་ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་བདེ་བླག་ངང་བསྐྲུན་པ་བཅས་བྱས་པས། ཆུ་དང་མཚེའུ་མི་ཉུང་བ་ཞིག་ལ་ཞིང་ཆེན་རིམ་པའི་བདེ་སྐྱིད་ཆུ་དང་མཚེའུ་རུ་བདམས། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ནགས་དཔོན་རྩྭ་དཔོན་གྱི་ལམ་ལུགས་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་བཅོས་སྐྱོང་རྨང་གཞི་མུ་མཐུད་སྲ་བརྟན་དུ་བཏང་བ་བཅས་བྱས་པས། མང་ཚོགས་ཀྱི་སྐྱེ་ཁམས་ཐོབ་སྣང་མངོན་གསལ་གྱིས་ཆེ་རུ་ཕྱིན་པ་དང་། ཞིང་ཆེན་ཡོངས་ཀྱི་ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་བྱ་བའི་གྲུབ་འབྲས་མངོན་གསལ་དོད་པའི་ས་ཁུལ་དུ་བདམས་པས། སྐྱེ་ཁམས་སྲུང་སྐྱོང་དཔྱད་ཞིབ་མཇུག་འབྲས་ཁུལ་ཡོངས་ཀྱི་མདུན་གྲས་སུ་བརྟན་པོར་གནས་ཡོད།
མི་སྡོད་ཁོར་ཡུག་གསར་པ་གསར་རྐྱང་དུ་གྱུར་པ།
དགའ་བདེ་རྫོང་གིས་གཞིས་ཁུལ་རྙིང་པའི་བསྒྱུར་བཀོད་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་དྲོད་རླངས་གཙང་མ་གཏོང་བ། རོང་འབྲོག་ཁུལ་ལ་འཐུང་ཆུ་འདོན་སྤྲོད་བྱེད་ཚད་མཐོར་འདེགས་གཏོང་བ་བཅས་ཀྱི་བཟོ་འགོད་ལ་བརྟན་བརླིང་ངང་སྐུལ་འདེད་བཏང་སྟེ། ཁོངས་ཡོངས་ཀྱི་འཕྲིན་གཏོང་དང་། རྒྱང་སྒྲོག་བརྙན་འཕྲིན་གྱིས་ཁེབས་པ་མངོན་འགྱུར་བྱུང་། ཞིང་སྡེའི་མི་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་སྟོང་འཆར་འགོད་འཐུས་ཚང་དུ་གཏོང་བ། འཚོ་བའི་གད་སྙིགས་ཐག་གཅོད་མ་ལག་ཚད་ལྡན་དུ་གཏོང་བ། ཞིང་སྡེའི་གཞུང་ལམ་དྲ་བའི་བཀོད་པ་ལེགས་པོར་བསྒྱུར་བ་བཅས་ཀྱི་བྱ་བ་སྤེལ་བས། ཞིང་ཆེན་རིམ་པའི"ཞིང་སྡེའི་ལམ་བཟང་པོ་བཞི་ལྡན"གྱི་དཔེ་སྟོན་རྫོང་ལེགས་པར་བཙུགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཆ་སྒྲིག་བྱེད་ནུས་མུ་མཐུད་འཐུས་ཚང་དུ་ཕྱིན་པ་དང་། མཉམ་འདྲེས་འཕེལ་རྒྱས་ཀྱི་ཆགས་སྟངས་སྔར་ལས་ཇེ་གསལ་དུ་གྱུར།
དམངས་འཚོ་གཞི་རྩར་བཟུང་ནས་ཕན་བདེ་མཉམ་དུ་སྤྱད་པ།
དགའ་བདེ་རྫོང་གིས་དམངས་འཚོར་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། དམངས་འཚོའི་འགན་སྲུང་མཐའ་ཐིག་བརྟན་པོ་བསྐྲུན་པ། ཡང་བསྐྱར་དབུལ་པོར་འགྱུར་བ་འགོག་པའི་འགུལ་རྣམ་ལྟ་ཞིབ་ཚད་འཇལ་དང་རོགས་སྐྱོར་ནང་རྐྱེན་འཐུས་ཚང་དུ་གཏོང་བ། རོགས་སྐྱོར་སྲིད་ཇུས་གནད་འཁེལ་གྱིས་དོན་འཁྱོལ་བྱེད་པ། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་བ་བཅས་བྱས་ནས། གཞི་ཁྱོན་རང་བཞིན་གྱིས་ཡང་བསྐྱར་དབུལ་པོར་འགྱུར་བ་མི་འབྱུང་བའི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས། ལས་ཞུགས་དང་ལས་སྐྲུན་གྱི་བྱ་བ་དམ་འཛིན་བྱས་ཏེ། གཙོ་གནད་མི་ཚོགས་ལ་གནད་འཁེལ་གྱིས་རོགས་སྐྱོར་བྱས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་གནས་བབ་བརྟན་བརླིང་ཡོང་བར་བྱས་པ་དང་། སློབ་གསོའི་ཐོན་ཁུངས་ཀྱི་བཀོད་པ་རྒྱུན་མཐུད་ལེགས་པོར་བསྒྱུར་ཏེ། སློབ་སྒྲུབ་ཆ་རྐྱེན་ལེགས་པོར་བཏང་བ་དང་། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གསོ་ཀུན་ཕན་འཕེལ་རྒྱས་ཀྱི་ཆུ་ཚད་བརྟན་བརླིང་གིས་མཐོར་འདེགས་བཏང་། རྫོང་དང་ཞང་སྡེ་བ་བཅས་རིམ་པ་གསུམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས། སྨན་བཅོས་སྒྲིག་བཀོད་རིམ་པ་སྤར་བ་དང་། བརྟག་བཅོས་ཞབས་ཞུ་ཐེ་ལེགས་སུ་བཏང་ནས།གཞི་རིམ་སྨན་བཅོས་འགན་སྲུང་ནུས་པ་མངོན་གསལ་གྱིས་ཇེ་དྲག་ཏུ་བཏང་། རྒན་གསོ་དང་། སྨན་བཅོས། སྤྱི་ཚོགས་རོགས་སྐྱོབ་སོགས་ཀྱི་འགན་སྲུང་མ་ལག་ཆ་ཚང་བསྐྲུན་ཏེ། "རྒན་པ་དང་བྱིས་པ་དཀའ་ཚེགས་ཅན་གྱི་མང་ཚོགས"བཅས་ལ་ཐུགས་ཁུར་བྱེད་པའི་ཞབས་ཞུའི་ནང་རྐྱེན་འཐུས་ཚང་དུ་བཏང་ཞིང་། སྤྱི་ཚོགས་འགན་བཅོལ་ཁེབས་ཚད་རྒྱ་བསྐྱེད་པ། དམིགས་བསལ་མི་ཚོགས་ཀྱི་འཚོ་བར་ཁྱོན་ཡོངས་ནས་ལྟ་སྲུང་བྱེད་པ། དམངས་འཚོ་འགན་སྲུང་བྱེད་ཚད་མུ་མཐུད་མཐོ་རུ་ཕྱིན་ཡོད།
ཁྱད་ལྡན་སྩལ་ནུས་ཐོན་ལས་ཀྱིས་རྫོང་དར་སྤེལ་བཏང་།
སྐྱེ་ཁམས་ཕྱུགས་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། ཐོན་ལས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། ལས་གཉེར་བྱེད་པོ་གསར་པ་དང་ཚད་ལྡན་ཅན་གྱི་ཁྱིམ་ཚང་ཕྱུགས་ར་གསོ་སྤེལ་རྒྱ་ཆེར་གཏོང་བ་བཅས་བྱས་པས། ཁོངས་ཡོངས་མཉམ་འགུལ་དང་ཁྱད་ཆོས་མངོན་གསལ་གྱི་ཐོན་ལས་ཆགས་སྟངས་གྲུབ་ཡོད། སྐྱེ་ལྡན་ཟོང་རྟགས་གཏོད་ཚད་གཏིང་ཟབ་ཏུ་གཏོང་བ་དང་། ཁོངས་ཡོངས་སྐྱེ་ལྡན་དཔང་དངོས་ར་སྤྲོད་ཐོབ་ཐང་རྒྱུན་མཐུང་ངང་སྲུང་སྐྱོང་བྱས་ཏེ། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་མང་པོར་རྒྱལ་ཁབ་ས་ཁམས་མཚན་རྟགས་ཅན་དང་། རྒྱལ་ཡོངས་ཀྱི་གྲགས་ཅན་དང་ཁྱད་ལྡན་སྤུས་ལེགས་གསར་ཐོན་གྱི་ཞིང་ལས་ཐོན་རྫས་སུ་བདམས་ཤིང་། འགྲེམ་འཚོང་སྟེགས་བུ་སྣ་ཚོགས་ལ་བརྟེན་ནས"དགའ་བདེ་རྟགས་མའི"ཟོང་རྟགས་བསྐྲུན་པ་དང་། རྒྱལ་དབང་ཞིང་ཚོང་སྟེགས་བུ་བརྒྱུད་ནས་ཐོན་ཚོང་སྦྲེལ་ལམ་ཤར་གཏོང་བྱས་ཏེ། རྒྱལ་ཁབ་རིམ་པའི་ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་ཁྱབ་འགྱེད་སྐུལ་ཁྲིད་རྫོང་ལེགས་པར་བསྐྲུན། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་དམངས་སྲོལ་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ། རིག་གནས་གསར་གཏོད་ལས་རིགས་བསྐྲུན་པ། ཁྱད་ལྡན་རིག་གནས་ཡུལ་སྐོར་དུས་ཆེན་ཚོགས་འདུ་རྒྱུན་རྣམ་ལྡན་པའི་སྒོ་ནས་སྤེལ་་བ་བཅས་བྱས་ཏེ། རྫོང་ཁོངས་དཔལ་འབྱོར་གྱི་འཕར་གནས་གསར་པར་གྱུར་ཡོད། དུས་མཚུངས་སུ་ཞིང་སྡེའི་གློག་ཚོང་དང་འཁྱག་སྦྲེལ་ཟོང་འགྲུལ། དག་གཙང་ནུས་ཁུངས་སོགས་གསར་དར་ལས་རྣམ་གསོ་སྐྱོང་བྱས་ཏེ། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་བགྲོད་ལམ་མུ་མཐུད་དུ་རྒྱ་བསྐྱེད།
ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ནུས་མུ་མཐུད་དུ་སྐུལ་སློང་བྱས་པ།
དགའ་བདེ་རྫོང་གིས"གློད་སྡོམ་ཞབས"གསུམ་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། སྲིད་དོན་ཞབས་ཞུའི་བརྒྱུད་རིམ་ལེགས་བཅོས་བྱེད་པ། སྲིད་དོན་ཞབས་ཞུའི་གཡུལ་ས་རིམ་པ་སྤར་བ། "དོན་དག་གཅིག་ཐེངས་གཅིག་ལ་སྒྲུབ"དང"ཞིང་ཆེན་བརྒལ་ནས་ཆ་ཚང་སྒྲུབ་པ"སོགས་དམངས་ཕན་བྱེད་སྒོ་ཁྱབ་སྤེལ་བཏང་བས། སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་སྟབས་བདེ་ཅན་དུ་འགྱུར་བའི་ཆུ་ཚད་མཐོར་འདེགས་ཆེན་པོ་བྱུང་། ཆུ་འདོན་སྒྲིག་སྲོལ་དང་ཞིང་སྡེའི་ཐུན་མོང་ཐོན་དབང་། ནོར་སྲིད་དཔྱ་ཁྲལ། སྨན་བཅོས་འགན་བཅོལ་དངུལ་སྤྲོད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་བཅས་ལ་བརྟན་བརླིང་གིས་སྐུལ་འདེད་བཏང་བས། རྫོང་ཁོངས་བཅོས་སྐྱོང་མ་ལག་མུ་མཐུད་ཇེ་ལེགས་སུ་བཏང་། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རོགས་ལས་དང་གནད་ཁེལ་རོགས་སྐྱོར་གཏིང་ཟབ་ཏུ་བཏང་བ་དང་། སྤུས་ལེགས་ཐོན་ཁུངས་དང་གནད་འཁེལ་སྦྲེལ་མཐུད་བྱེད་པ། རོགས་སྐྱོར་ལས་གཞི་ཁག་གཅིག་དོན་འཁྱོལ་ལག་བསྟར་བྱེད་པ། རྫོང་ཁོངས་ཀྱི་སྤྱི་པའི་ཟུང་རྟགས་བསྐྲུན་པ་བཅས་བྱས་པས། ཐོན་ལས་མཉམ་སྐྲུན་དང་འཇོན་མི་བརྗེ་རེས། དམངས་འཚོ་ལེགས་བཅོས་སོགས་ཀྱི་ཁྱབ་ཁོངས་སུ་གྲུབ་འབྲས་ཏན་ཏིག་ཐོབ། །