མདོ་དབུས་མཐོ་སྒང་གི་ལྟེ་བུར་རྨ་ཆུ་སྔོན་མོ་དེ་ལེ་བར་ཁྲི་ཕྲག་བརྒལ་ནས་ཀྲུང་ཧྭའི་ས་གཞི་བཅུད་ཀྱིས་གསོས།མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ནི་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་ཁུལ་གྱི་ལྟེ་བའི་ས་ཁོངས་ཤིག་ཡིན་པས།“ཀྲུང་ཧྭའི་ཆུ་མཛོད”ཀྱི་ཆུ་ཁུངས་གསོ་འཁྱོངས་ཁུལ་གལ་ཆེན་གྲས་ཀྱི་གཅིག་ཡིན། གནས་འདིའི་རྩྭ་ཐང་དང་མཚེའུ་རེ་རེ་ཚང་མ་རྨ་ཆུའི་དབུས་སྨད་རྒྱུད་ཀྱི་མི་དམངས་དུང་ཕྱུར་མང་པོའི་ཆུའི་བདེ་འཇགས་དང་སྐྱེ་ཁམས་དོ་མཉམ་དང་འབྲེལ་བ་དམ་ཟབ་ཡོད།
ལོ་མང་རིང་། རྨ་སྟོད་རྫོང་གིས་བློ་བརྟན་འགྱུར་མེད་ངང་རྨ་ཆུའི་མགོ་ཁུངས་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་བཏང་ནས་སེམས་ཅན་གྱི་དག་ཞིང་ལ་སེམས་ཀྱིས་སྲུང་བཞིན་ཡོད། དེ་སྔ་ཉམས་ཞན་དུ་སོང་བའི“མཚེའུ་སྟོང་གི་རྫོང་མཁར”དེ་ད་ལྟ་ཆུ་རྒྱུན་དྭངས་ཤིང་རླབས་ཀྱི་གར་ལ་རྩེན་པ་དང་རྩྭ་ཆུ་རྒྱས་ཏེ་སྙན་ངག་གི་ཞིང་ཁམས་ཤིག་ཏུ་སླར་ཡང་མངོན་ཡོད།
འོན་ཀྱང་མཚོ་འཕགས་སྨི4500ཡན་དུ་གནས་པས་སྐྱིན་ཐང་རྒོད་ཅིང་གསོ་རླུང་དཀོན་པ་དང་། གནམ་གཤིས་སྡུག་པས་འཚོ་གནས་དང་འཕེལ་རྒྱས་ལ་དཀའ་ངལ་ཆེན་པོ་ཡོད།ཇི་ལྟར་བྱས་ནས་ཚད་གཞི་མཐོ་བའི་སྣོད་བཅུད་སྲུང་སྐྱོབ་བྱེད་པ་དང་མཉམ་དུ། སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རིར་འགྱུར་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་ནི་རྨ་སྟོད་ཀྱི་མདུན་དུ་ལྷགས་པའི་དངོས་ཡོད་ཀྱི་རྒྱུགས་གཞི་ཞིག་རེད།
“ལམ་ལུགས་ནན་ཤོས་ལ་བརྟེན་ནས་སྣོད་བཅུད་ཀྱི་མཐོ་ས་སྲུང་སྐྱོབ་དང་།ལྗང་མདོག་གི་གོ་སྐབས་ལ་བརྟེན་ནས་འབྲོག་ལས་ཐོན་ལས་གཉེར་བ།སྣོད་བཅུད་ཀྱི་མཛེས་སྡུག་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་གྱི་ནུས་པ་འདོན་སྤེལ་བྱས་ཏེ། རྨ་ཆུའི་མགོ་ཁུངས་ཆུ་རྒྱུན་གྱིས་རི་ཀླུང་ཀུན་གསོ་དགོས་པ་མ་ཟད།མི་སེར་གྱི་འཚོ་བའང་གསོ་དགོས”རྨ་སྟོད་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་རིན་ཆེན་མཚོའི་སྐད་ཆ་ལས་རྨ་སྟོད་ཀྱིས“སྲུང་སྐྱོབ་ཁྲོད་འཕེལ་རྒྱས་དང་། འཕེལ་རྒྱས་ཁྲོད་སྲུང་སྐྱོབ”བྱེད་པའི་ཆོད་སེམས་བརྟན་པོ་ཚོར་ཐུབ།

ལྗང་མདོག་གི་ཁྱིམ་གཞིས་སྲུང་སྐྱོབ་ཡག་པོ་བྱེད་པ།
“མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྣོད་བཅུད་ཡིན་པ་དང་།འགན་འཁྲི་ཆེ་ཤོས་ནི་སྣོད་བཅུད་ཡིན།མི་མངོན་པའི་ནུས་ཤུགས་ཆེ་ཤོས་ཀྱང་སྣོད་བཅུད་ལ་ཐུག་ཡོད”སྐད་ཆ་དེ་རྨ་སྟོད་ཀྱི་ལས་བྱེད་པ་དང་མང་ཚོགས་ཚང་མའི་སེམས་གཏིང་ལ་ཟུག་ཡོད།ཁོ་ཚོས་རྨ་ཆུའི་མགོ་ཁུངས་ཀྱི་དྭངས་གཙང་སྲུང་སྐྱོབ་ཡག་པོ་བྱས་ཚེ། ད་གཟོད་རྒྱུན་མཐུད་འཕེལ་རྒྱས་ཀྱི་གདེང་ཚོད་དང་འབྱུང་འགྱུར་ཐོབ་ཐུབ་པ་གསལ་པོ་ཤེས་ཡོད།
རྨ་སྟོད་ཀྱིས་རང་བྱུང་སླར་གསོ་གཙོར་བཟུང་སྟེ་མི་ཐབས་ལ་བརྟེན་ནས་སླར་གསོ་བྱེད་པའི་ཕྱོགས་བསྡུས་བཅོས་སྐྱོང་ལམ་བུར་བསྐྱོད་རྒྱུར་གཞོགས་འདེགས་བྱས་ཡོད། རྫོང་དང་།ཤང་།སྡེ་བ་བཅས་རིམ་པ་གསུམ་གྱི“ཆུ་དཔོན་ལམ་ལུགས”དང“ནགས་ཚལ་དང་རྩྭ་དཔོན་ལམ་ལུགས”ལག་བསྟར་བྱས་ཏེ་གཙང་པོར་སྐོར་ཞིབ་དང་།མཚེའུར་སྐོར་ཞིབ། ནགས་སྲུང་།རྩྭ་སྲུང་སྐྱོབ་བྱ་རྒྱུ་དེ་ནམ་རྒྱུན་གྱི་ལས་ཀ་ཞིག་ཏུ་་གྱུར་ཡོད།
“རི་ཆུ་ནགས་རྩྭ་དང་མཚེའུ་གཞི་གཅིག་ཅན་གྱི་དོ་དམ་སྲུང་སྐྱོབ་ཀྱི་བསམ་གཞིགས་ལྟར། རྨ་ཆུའི་མགོ་ཁུངས་གླིང་ཁུལ་གྱིས་སྣོད་བཅུད་སྲུང་སྐྱོབ་དང་དམངས་ཚིས་ལེགས་གཏོང་ཟུང་འབྲེལ་དམ་ཟབ་བྱས། སྣོད་བཅུད་སྤྱི་ཕན་དོ་དམ་སྲུང་སྐྱོབ་ལས་གནས3129རྫོང་ཡོངས་སུ་ཁྱབ་ནས། ‘དུད་ཚང་རེར་ལས་གནས་རེ་ཡོད་པའི’དམིགས་ཚད་མངོན་འགྱུར་བྱས། དེ་སྔ་རྩྭ་ས་བརྟེན་པའི་འབྲོག་པ་ད་ལྟ་རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་སྲུང་སྐྱོབ་བྱེད་མཁན་ཏུ་གྱུར་ཡོད།ཁྱིམ་གཞིས་སྲུང་སྐྱོབ་བྱེད་པ་དང་ཆབས་ཅིག ཚང་མས་སྣོད་བཅུད་སྲུང་སྐྱོབ་ཀྱི་ཕན་འབྲས་མངོན་གསལ་ཐོབ་པ་མ་ཟད། ད་དུང‘སྔོ་ཞིང་དྭངས་པའི་རི་ཆུ་རིན་གསེར་ལས་ལྷག་ཡིན’ཅེས་པའི་དོན་ཟབ་མོ་ཤེས་རྟོགས་ཐུབ་ཡོད”ཅེས་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་ཁུལ་དོ་དམ་ཨུ་ལྷན་གྱི་ཕྱོགས་བསྡུས་པུའི་པུའུ་ཀྲང་རིན་ཆེན་རྡོ་རྗེ་ཡིས་དེ་ལྟར་བཤད།
དངོས་གནས། སྲུང་སྐྱོབ་བྱ་རྒྱུ་དེ་ལམ་ལུགས་དང་འདུ་འགོད་ལ་བརྟེན་དགོས་པ་མ་ཟད།མིའི་སྟོབས་ཤུགས་ལ་དེ་བས་ཀྱང་བརྟེན་དགོས། རྨ་སྟོད་དུ་རྨ་ཕྲ་ལོ་གྲོང་རྡལ་མཁན་ཆེན་སྡེ་བའི་སྣོད་བཅུད་དོ་དམ་སྲུང་སྐྱོབ་པ་འབྲུག་རྒྱལ་དང་འདྲ་བའི“ལྗང་སྲུང་པ”སྡེ་བ་ཚང་མར་ཁྱབ་ཡོད།ཁོ་ཚོས་ནམ་རྒྱུན་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་འདམ་རའི་བར་བསྐྱོད་དེ་རི་ཀླུང་དང་མཚེའུ་སྐོར་སྲུང་དང་།རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་ཚད་ལེན།ཁོར་ཡུག་གི་གད་སྙིགས་གཙང་སེལ།ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་བཅས་བྱས་ནས་མགོ་ཁུངས་སྲུང་སྐྱོབ་དང་འཁྲུག་ཆ་དོད་ཤོས་ཀྱི“སྒུལ་བདེའི་སྲུང་ཡོལ”ཞིག་བསྐྲུན།
“ད་ཡོད་ཀྱི‘རི་སྔོ་ཆུ་དྭངས’ནི་རང་ཉིད་ཀྱི‘གསེར་རི་དངུལ་རི’ཡིན། གཙང་གསུམ་མགོ་ཁུངས་དང་རྨ་ཆུའི་མགོ་ཁུངས་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི། ངའི་འགན་འཁྲི་ཡིན་ལ་ངའི‘འཚོ་རྟེན’ཡང་ཡིན”། འབྲུག་རྒྱལ་གྱི་བབ་ཆགས་པའི་སྐད་ཆ་ལས“དུད་ཚང་རེར་ལས་གནས་གཅིག”གི་སྣོད་བཅུད་བདག་སྐྱོང་བའི་ལམ་ལུགས་ཀྱི་དོན་སྙིང་ཟབ་མོ་གསལ་སྟོན་བྱས། རྒྱ་ཆེའི་འབྲོག་པ་རྣམས་སྲོལ་རྒྱུན་གྱི་རྩྭ་ཐང་སྤྱོད་མཁན་ནས། སྣོད་བཅུད་སྲུང་སྐྱོབ་བྱེད་མཁན་དང་ཐད་ཀར་ཕན་ཁེ་ཐོབ་མཁན་དུ་གྱུར།ལམ་ལུགས་དེས་ལོ་ལྟར་བདག་སྐྱོང་བའི་ཁྱིམ་ཚང་ལ་མི་རེར་ཆ་སྙོམས་སྒོས་སྒོར་ཁྲི་2ལྷག་གི་ཡོང་འབབ་ཡོད་པས། “འབྲོག་པ་ནས་བདག་སྐྱོང་བ་དང་རྩྭ་ཐང་ནས་ཀྱི་མེ་ཏོག་ལྡུམ་ར་རུ་གྱུར་བའི”འགྱུར་ལྡོག་མངོན་འགྱུར་བྱས།
ནམ་རྒྱུན་ཞོགས་པར། འབྲུག་རྒྱལ་སྦག་སྦག་ལ་བཞོན་ནས་རྒྱང་ཤེལ་དང་།སྐོར་སྲུང་ཉིན་ཐོ།ལམ་རྒྱགས་བཅས་འཁྱེར་ནས་སྤྱི་ལེ་སུམ་ཅུ་ལྷག་ཙམ་གྱི་འགན་འཁྲིའི་ཁུལ་དུ་སྐོར་སྲུང་བྱེད་མགོ་ཚུགས།“དེ་སྔ་ཕྱུགས་རིགས་འཚོ་བར་བརྟེན་དགོས་པས་རྩྭ་སའི་གནོན་ཤུགས་ཆེན་པོ་ཡོད།ད་ཆ་བདག་སྐྱོང་བ་བྱས་ནས་ཡོང་འབབ་བརྟན་པོ་ཡོད་ལ། ཕ་ཡུལ་གྱི་རི་ཆུ་དེ་བས་ཀྱང་སྲུང་སྐྱོབ་བྱེད་ཐུབ”ཅེས་བཤད།ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་པས་དྲིན་གཟོའི་འབྲས་བུའང་མིག་མདུན་དུ་མངོན་འོང་བ་ནི། ཆུ་བོ་དང་འདམ་རའི་རྩྭ་ཆུ་བཟང་བ་དང་།དུས་བྱ་ཁྱུ་དང་ཁྱུ་བྱས་ནས་འབབ་པ། རྩྭ་ཐང་གི་སྔོ་ཁེབས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ།སྣོད་བཅུད་ཁོར་ཡུག་ལེགས་སུ་ཕྱིན་པ།འབྲོག་ལས་ལ་དྲིན་གཟོ་ཐུབ་པ་བྱུང་། “རྩྭ་ར་ལེགས་སུ་ཕྱིན་པ་དང་ནོར་ལུག་ལ་ཤ་ཤེད་རྒྱས་པ།བཤས་གཏོང་ཚད་བརྟན་པོ་ཡོད་པས་ང་ཚོའི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད”ཟེར།
ད་ཆ་སེམས་ཅན་དང་རྩྭ་ཐང་ཞི་མཐུན་མཉམ་གནས་ཀྱི་བཀོད་པ་དེ་རྨ་སྟོད་ཀྱི་རྒྱུན་རྣམ་དུ་གྱུར་ཡོད།སྣོད་བཅུད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དེས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་ཕྱིན་པ་མ་ཟད།རྨ་སྟོད་ཀྱིས་སྣོད་བཅུད་འབྲོག་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་སྟེ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ཐོན་ཁུངས་ཀྱི་རྨང་གཞི་ཞིག་ཏུ་གྱུར།

འབྲོག་ལུག་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་ཕྱུག་འགྱུར་ཐབས་ལམ་བཏོད་པ།
སྣོད་བཅུད་ཀྱི་ཁྱིམ་གཞིས་སྲུང་སྐྱོབ་ཡག་པོ་བྱས་ཏེ་སྣོད་བཅུད་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་ལེགས་ཆར་ཇི་ལྟར་བསྒྱུར་དགོས་སམ་ཞེ་ན།རྨ་སྟོད་ཀྱིས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་དགེ་མཚན“རྨ་སྟོད་ཀྱི་ལུག”ལ་དམིགས་དགོས། ལྗང་མདོག་སྐྱེ་ལྡན་ཁ་ཕྱོགས་སུ་བྱེད་པ་དང་སྤུས་རྟགས་ཅན་དང་ཁྲོམ་ར་ཅན་ཐབས་ལམ་དུ་བྱས་ཏེ་ལྗང་མདོག་སྐྱེ་ལྡན་གྱི་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་ནུས་ཤུགས་ཡོད་རྒུས་བཏོད་དེ་རྩྭ་ཐང་གི“འབྲོག་ལུག”དེ་འབྲོག་པ་ཕྱུག་འགྱུར་གྱི“གསེར་གྱི་ལྡེ་མིག”ཏུ་གྱུར་པ་རེད།
2024ལོའི་ཟླ11པར“རྨ་སྟོད་ལུག”རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱ་རྒྱུད་འཛིན་ཐོན་ཁུངས་ཀྱི་མིང་གཞུང་ནང་བདེ་བླག་ངང་བཅུག་ནས། མགོ་ལོག་ཁུལ་གྱི་ངོས་འཛིན་དེ་ཐོབ་པའི་རྫོང་ཐོག་མ་རུ་གྱུར་ཏེ། ཐོན་ལས་འཕེལ་རྒྱས་ཐད་རྩ་བའི་འགྲན་རྩོད་ནུས་པ་ཆེན་པོ་ཞིག་བསྣན།
“གསེར་བྱང”དེ་གསལ་པོར་འདོན་ཆེད། རྨ་སྟོད་ཀྱིས་མཚོ་སྔོན་ཞིང་ཆེན་ཕྱུགས་་སྨན་ཚན་རིག་ཁང་གི་ཚན་རྩལ་ཆེད་མངགས་ཚོགས་པའི་རོགས་སྐྱོར་འོག“རྫོང་གསོ་སྤེལ་ར་བ་དང་།ཤང་དང་གྲོང་རྡལ་གྱི་གསོ་སྤེལ་ས་ཚིགས། མཉམ་ལས་ཁང་གི་གསོ་སྤེལ་དུད་ཚང”བཅས་རིམ་པ་གསུམ་གྱི་རྒྱུད་བཟང་གསོ་སྤེལ་མ་ལག་བཙུགས། རྨ་ལ་བཞིའི་ཕྱུགས་རྒྱུད་གསོ་སྤེལ་ར་བའི“རྩ་བའི་རྟེན་གཞི”དེར་ལས་བྱེད་མི་སྣས“མཐོ་རིམ་ཤེས་ལྡན་པ”གཏོད་པ་དང་འདྲ་བར། རྨ་སྟོད་ཀྱི་འབྲོག་ལུག་གི་རྒྱུད་འཛིན་ཐོན་ཁུངས་སྲུང་སྐྱོབ་དང་།རྒྱུད་བཟང་སླར་གསོ། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱུད་འདེམས་བྱ་བ་སྤེལ་ནས་སྤུས་ལེགས་ཐོན་ལས་ཀྱི“ལུག་རྒྱུད”གསོ་སྐྱོང་ཐུབ་པར་འགན་ལེན་བྱས།
“ཚན་རིག་དང་མཐུན་པའི་སྒོ་ནས་རྒྱུད་སྤེལ་དང་ཟོག་རྒྱུད་ལེགས་བཅོས་བྱས་པ་བརྒྱུད། འབྲོག་ལུག་གི་ཐོན་སྐྱེད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད”རྨ་ལ་བཞིའི་ཕྱུགས་རྒྱུད་གསོ་སྤེལ་ར་བའི་འགན་འཁུར་པས་ངོ་སྤྲོད་བྱས་པར་གཞིགས་ན། དེ་སྔ་འབྲོག་ལུག་ལོ་གཅིག་ལ་སྤྱི་རྒྱ35ཙམ་གྱི་ཤ་ཤེད་རྒྱས་པ་དེ་ད་ལྟ་རྒྱུད་བཟང་་སླར་གསོ་བྱས་པ་བརྒྱུད། ཟླ6གི་རིང་སྤྱི་རྒྱ25ཡི་ཤ་ཤེད་རྒྱས་ཏེ་ལོ་རེར་ཤའི་ཐོན་ཚད་སྤྱི་རྒྱ40ལས་བརྒལ་ཡོད། ད་སྔར། གསོ་སྤེལ་ར་བའི་ནང་རྒྱུད་བཟང་མ་མོ་དང་ཕོ་ལུག་ཆིག་སྟོང་ཙམ་ཡོད་པ་མ་ཟད། ཞིང་ཆེན་དེ་གའི་ཁུལ་དང་རྫོང་གཞན་དག་ལ་རྒྱུད་བཟང་ལུག་བརྒྱ་ལྷག་ཙམ་སྐྱེལ་འདྲེན་བྱས་པར་སྐུལ་ཁྲིད་ཀྱི་ནུས་པ་བཟང་པོ་ཐོན་ཡོད། ཚན་རིག་དང་མཐུན་པའི་རྒྱུད་འདེམས་གྲུབ་འབྲས་དེ་མཉམ་ལས་ཁང་དང་འབྲོག་པས་ཁྱབ་གདལ་བཏང་བ་བརྒྱུད། ལག་རྩལ་མི་སྣ་འབྲོག་ཁུལ་དུ་བསྐྱོད་དེ་མཛུབ་ཁྲིད་བྱས་ཏེ། འབྲོག་པར་ཚན་རིག་དང་མཐུན་པའི་གསོ་སྤེལ་མངོན་འགྱུར་བྱེད་པར་རོགས་རམ་བྱས།བཤས་གཏོང་དུས་ཚིགས་སུ། རང་ཚང་གི་ཤ་ཤེད་རྒྱས་པའི་འབྲོག་ལུག་རྩྭ་ཐང་དུ་བག་ཡངས་ཀྱིས་རྒྱུ་བ་མཐོང་སྐབས་གདོང་ལ་གྲུབ་འབྲས་ཀྱིས་གཏམས་པའི་དགའ་སྤྲོས་ཁེངས་འདུག
ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་སྔར་བས་མཐོ་རུ་གཏོང་ཆེད།རྨ་སྟོད་ཀྱིས་ལས་སྣོན་གྱི་ཞན་ཆ་ཧུར་ཐག་སྒོས་གསབ། རྒྱལ་ཁབ་གློག་དྲ་སོགས་ཁ་གཏད་རོགས་སྐྱོར་ཚན་པའི་རྒྱབ་སྐྱོར་འོག མཛོད་རྒན་རྭ་བ་གྲོང་རྡལ་དུ་དེང་རབས་ཅན་གྱི་འབྲོག་ལས་ཐོན་རྫས་ལས་སྣོན་འཁོར་ཁང་བསྐྲུན་ཏེ། སྔོན་ཐོན་གྱི་བཤས་གཏོང་སྒྲིག་ཆས་ཆ་ཚང་བཀོད་སྒྲིག་བྱས།2024ལོའི་ཟླ11པར་ལས་སྣོན་བཟོ་གྲྭས་ཤས་གཏོང་ཚོད་ལྟ་བྱས་ཏེ། རྫོང་ཁོངས་ཀྱི་བཤས་གཏོང་བ་ཚད་གཞི་ལས་བརྒལ་ཏེ་ཐོན་ལས་སྦྲེལ་ཐག་གི་འགག་རྩའི་སྟོང་ཆ་བསྐངས་ཡོད། ལས་སྣོན་ཞིབ་ཚགས་བྱས་པའི་འབྲོག་ལུག་གི་ཤའི་རིན་ཐང་ཆེས་ཆེར་འཕར། རྨ་སྟོད་ཀྱིས“ནམ་མཁའི་རྨ་སྟོད”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་བཏོད་པ་དང་།གསར་གཏོད་ཚོང་གཉེར་བྱས་པ་བརྒྱུད་དྭངས་གཙང་ས་མཐོའི་སྤུས་ལེགས་ཐོན་རྫས། པེ་ཅིང་དང་ཧྲང་ཧའེ་སོགས་རྩེར་སོན་ཁྲོམ་རར་ཐད་ཀར་ཕྱིར་འཚོང་བྱས།
རྨ་ལ་བཞིའི་ཕྱུགས་རྒྱུད་གསོ་སྤེལ་ར་བར་བརྟེན། རྨ་ལ་བཞི་སྡེ་བར་གནས་པའི་རྨ་སྟོད་རྫོང་སྟོང་མཚོ་འབྲོག་ལས་ཐོན་རྫས་ཆེད་ལས་མཉམ་ལས་ཁང་གི་ལུ་གུའི་གསོན་ཚད85%ཟིན་པ་དང་། ཕྱུགས་ཟོག་འཆི་ཚད15%ནང་ཚུན་དུ་ཚོད་འཛིན་བྱེད་ཐུབ་ཅིང་། བཤས་གཏོང་ཚད46%ཟིན་ཡོད།མཉམ་ལས་ཁང་གི་གསོ་སྤེལ་ཕན་འབྲས་བརྟན་པོའི་ངང་མཐོ་རུ་ཕྱིན་པ་མ་ཟད། འབྲོག་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་ཐུབ་པའི་རྩ་བ་རུ་གྱུར་ཡོད།
“ད་ལྟ་ལུག་གཅིག་ལ་དེ་སྔའི་རིན་གོང་ལས་སྒོར་བརྒྱ་ལྷག་འཕར་ཡོད་པས། ཡོང་འབབ་ཀྱང་སྔོན་མ་ལས་བཟང་།”རྨ་ལ་བཞི་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་རྡོ་རྗེ་ཡིས་འདི་སྐད། “ན་ནིང་། སྡེ་བའི་མཉམ་ལས་ཁང་གིས་ནོར36དང་ལུག705བཤས་གཏོང་བྱས་ཏེ། ཡོང་འབབ་སྒོར་ཁྲི110ལས་བརྒལ། ད་ལོའི་ཟླ11པའི་ཟླ་མཇུག་བར་མཉམ་ལས་ཁང་གིས་ལུག695བཤས་གཏོང་བྱས་ཏེ་སྒོར་ཁྲི70ཙམ་གྱི་ཡོང་འབབ་བྱུང་བའི་ཁར་ནོར་ནག་གི་དཀར་ཆུའི་ཐོན་རྫས་དང་ཡོང་འབབ་གཞན་དག་བཅས་བསྣན་ཚེ‘ཐོན་འབབ’ཡག་པོ་ཞིག་ཡོང་ངེས་རེད”ཟེར།

སྣོད་བཅུད་རིག་གནས་ཡུལ་སྐོར་འཚོལ་ཞིབ་བྱས་ཏེ་ཆུ་མགོའི་གཏམ་རྒྱུད་ལ་གསོན་ཤུགས་རྒྱས་སུ་བཅུག
གལ་ཏེ་སྣོད་བཅུད་འབྲོག་ལས་ཀྱིས་སྣོད་བཅུད་རིན་ཐང“ཐོན་རྫས་ཅན”དུ་འགྱུར་བ་ཡིན་ན། སྣོད་བཅུད་རིག་གནས་ཡུལ་སྐོར་གྱིས་དེ་ཉིད“ཉམས་ལེན་ཅན”དུ་འགྱུར་ངེས། རྨ་སྟོད་ཀྱིས་ཧུར་ཐག་སྒོས་འཚོལ་ཞིབ་བྱས་ནས་རྒྱང་རིང་བའི་གངས་རི་དང་མཚེའུ་དང་། སྣོད་བཅུད་ཀྱི་སེམས་ཅན་དང་རིག་གནས་དག་ཚོར་ཐུབ་པ་དང་།ཉམས་ལེན་ཐུབ་པ།ཐུན་མོང་གི་ངོས་འཛིན་ཐུབ་པ་བཅས་ཀྱི་རིག་གནས་ཡུལ་སྐོརIPརུ་འགྱུར་བར་བྱས།
“ནམ་མཁའི་རྨ་སྟོད”སྤུས་རྟགས་ཀྱི་སྣང་བརྙན་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་ཆབས་ཅིག རྨ་སྟོད་རྫོང་གིས“ཡོན་པའོ”དང“ཏའོ་ཏའོ”དང“ཅང་ཅང”སོགས་རིག་གནསIPབཏོད་དེ། སྣོད་བཅུད་ཡུལ་སྐོར་གསར་སྤེལ་དང་ཐོན་ཁུངས་སྲུང་སྐྱོབ་ཕན་ཚུན་འབྲེལ་མཐུད་བྱེད་པའི་ལམ་སྲོལ་འཚོལ་ཞིབ་ཐོག་བཙུགས་ཏེ་སྣོད་བཅུད་རིག་གནས་ཡུལ་སྐོར་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་གྱུར།
ན་ནིང་ཟླ6པར། ཧྲང་ཧའེ་ཡི་མཚོ་སྐྱོར་ཡུལ་སྐོར་པ60ལྷག་ཙམ་རྨ་སྟོད་དུ་ཡོང་བ་དང་། ཁོ་ཚོ་གཙང་གསུམ་མགོ་ཁུངས་ཀྱི་དབུས་སུ་བསྐྱོད་དེ་མཐིང་མདོག་གི་ནམ་མཁའ་དང་སྤྲིན་དཀར་གྱི་འདབ་མའི་འོག རི་ཚོགས་ཀྱིས་བསྐོར་བའི་སྟོང་གི་མཚོ་ནག་གི་པང་ནས་རྨ་སྟོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཉམས་སུ་མྱངས། དེ་དང་བསྟུན་ནས“རྨ་ཆུའི་མགོ་ཁུངས·མགོ་ལོག་གི་ནོར་ནག་ཁུ་ལུའི་གྱོན་གོས་འགྲན་སྡུར”བརྒྱུད། རྨ་སྟོད་ཀྱི་སྣོད་བཅུད་ཀྱི་མཛེས་སྡུག་དང་མི་རིགས་ཀྱི་དར་སྲོལ་དག་ཡངས་པའི་འཛམ་གླིང་དུ་བསྐྱོད། དེ་དང་ཆབས་ཅིག ཁྱོན་མ་དངུལ་སྒོར་ཁྲི་1500བཏང་བའི་རྨ་སྟོད་རྫོང་གི་ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་བདེ་བླག་ངང་ལེགས་གྲུབ་ཟིན་ནས་ཡུལ་སྐོར་པར་བློ་འདྲི་དང་ངལ་གསོ་སོགས་གཅིག་འཐུས་རྣམ་པའི་ཞབས་ཞུ་མཁོ་འདོན་བྱས།
ད་ལོའི་ཟླ11པར། པེ་ཅིང་དང་ཧྲང་ཧའེ།པའོ་དབྱིང་།ཟི་ལིང་བཅས་ཀྱི“གྲོང་བཞི་མཉམ་འགུལ་ཡུལ་སྐོར་གྱི་འདུ་ཚོགས”བརྒྱུད། རྨ་སྟོད་ཀྱིས“རྨ་ཆུའི་མགོ་ཁུངས”ཀྱིIPསླར་ཡང་དེ་བས་ཡངས་པའི་ས་གནས་ལ་ཁྱབ་གདལ་དུ་བཏང་།བྱེད་སྒོས་ཐོན་རྫས་འགྲེམས་ཚོང་བྱས་པ་མ་ཟད།རྨ་ཆུའི་མགོ་ཁུངས་ཀྱི་གཏམ་རྒྱུད་གསོན་ཉམས་དོད་པོའི་ངང་བརྗོད་ནས“ཀྲུང་ཧྭའི་མཛོད”སྲུང་སྐྱོབ་མཁན་གྱི་སྙིང་སྟོབས་བརྒྱུད་སྤྲོད་བྱས་པས། རང་བྱུང་ལ་བརྩི་མཐོང་དང་རིག་གནས་ལ་དགའ་ཞེན་ཆེ་བའི་མི་ཁག་ཅིག་གི་ཡིད་དབང་བཀུགས།
“ཡུལ་སྐོར་པས་ཡུལ་དངོས་ནས་མཚོ་འཕགས་སྨི་4500ཡོད་པའི་རྩྭ་ཐང་གི་སྐྱེ་ལྡན་སྐམས་ཤ་དང་་ལུག་ཤའི་བྲོ་བ་མྱོང་ཐུབ་པ་མ་ཟད།གླིང་སྒྲུང་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་འཁྲབ་སྟོན་ལ་རོལ་མྱོང་དང་། ནོར་ནག་གི་ཁུ་ལུའི་རིག་གནས་ཀྱི་ཐོན་རྫས་ལ་ཉམས་ལེན་བྱེད་ཐུབ་པ་བྱུང་། ‘རིག་གནས+སྣོད་བཅུད+ཉམས་ལེན’བཅས་ཀྱི་མཉམ་འདྲེས་རྣམ་པ་དེས། རྨ་སྟོད་ཀྱི་སྣ་མང་རིག་གནས་ཡུལ་སྐོར་གྱི་སྣང་བརྙན་གསོན་ཉམས་དོད་པོས་མངོན་པར་བྱས། གྲོང་ཁྱེར་བཞིའི་མཉམ་འགུལ་བྱེད་སྒོའི་ཐོག་མཉམ་ལས་ཀྱི་འདོད་མཐུན་དངུལ་གྲངས་སྒོར་ཁྲི་སྟོང་ལྷག་ཙམ་ཟིན་ནས། འབྲོག་པའི་ཡོང་འབབ་ཐད་ཀར་དུ་འཕར་ཏེ་རྫོང་གི་མངའ་ཁོངས་ཀྱི་དཔལ་འབྱོར་ལ་གསོན་ཤུགས་གསར་པ་བསྣན་ཞེས་རྨ་སྟོད་རྫོང་ཨུད་དྲིལ་སྒྲོག་པུའི་པུའུ་ཀྲང་གཞོན་པ། རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་ནམ་མཁའ་ཚེ་རིང་གིས་ངོ་སྤྲོད་བྱས།
ལྷག་པར། ད་ལོའི་ཟླ9པར། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རྨ་སྟོད་མཚོ་སྐྱ་རེངས་འགྲམ་གྱི“ཆིན་གྱི་བྲག་བརྐོས་ཡི་གེ”དངོས་སུ་གཏན་འཁེལ་བྱས་པ་དེ་ནི། རང་རྒྱལ་གྱིས་མིག་སྔར་ཤེས་རྟོགས་བྱུང་བའི་གཉུག་གནས་ཀྱི་ས་བབ་ཆེས་མཐོ་བའི་ཆིན་རྒྱལ་རབས་དུས་ཀྱི་བྲག་བརྐོས་ཡི་གེ་ཡིན་པ་དང་།ཀྲུང་ཧྭའི་རིག་གནས་རྨ་ཆུའི་མགོ་ཁུངས་དུ་དར་མྱོང་བའི་དཔང་རྟགས་ལོ་ཆིག་སྟོང་ལྷག་ཙམ་སྔུན་ལ་སྣུར། ཐུན་མོང་མ་ཡིན་པའི་ལོ་རྒྱུས་རིག་གནས་ཤུལ་བཞག་དེས་རྨ་སྟོད་རིག་གནས་ཡུལ་སྐོར་ལ་གཞན་དྲིང་མི་འཇོག་པའི་རིག་གནས་ཀྱི་ཟབ་ཚད་ཅིག་བསྩལ།
སྣོད་བཅུད་སྲུང་ཡོལ་བརྟན་དུ་གཏོང་བ་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་བར་དང་།“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བྱེད་པ་ནས་ས་ཆ་གཅིག་སྐྱེད་སྲིང་བྱེད་པའི་བར་དུ།རྨ་སྟོད་རྫོང་གིས“གཙང་བོའི་མགོ་ཁུངས་སྲུང་སྐྱོབ”དང“ལྗང་མདོག་མངོན་འགྱུར”གྱི་ཞི་མཐུན་མཉམ་གནས་ཀྱི་རོལ་དབྱངས་དཀྲོལ་བཞིན་ཡོད།རྨ་ཆུའི་མགོ་ཁུངས་ཀྱི་ས་གཞིའི་སྟེང་། སྣོད་བཅུད་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་གདམ་ག་ཞིག་མིན་པར། ཕན་ཚུན་འདེགས་སྐྱོར་དང་མཐུན་སྦྱོར་མཉམ་སྤེལ་གྱི་གཅིག་གྱུར་ཕུང་པོ་ཞིག་ཡིན་པས་རྨ་སྟོད་ཀྱི་སྤུས་ལེགས་འཕེལ་རྒྱས་ཀྱི་ལྗང་མདོག་ལམ་བུ་ཞིག་བཏོད།