མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས“‘ལོ་ལྔ་བཅུ་བཞི་པའི’འཕེལ་རྒྱས་གྲུབ་འབྲས”ཞེས་པའི་བརྗོད་བྱ་གཙོ་བོའི་གསར་འགྱུར་ཡོངས་སྒྲོག་ཚོགས་འདུའི་རབ་དང་རིམ་པ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཆེད་དོན་ཚོགས་འདུ་འཚོགས་ཤིང་། གསར་འགོད་པས་ཚོགས་འདུའི་ཐོག་རྒྱུས་ལོན་བྱས་པ་ལྟར་ན། 2017ལོར་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་གསར་སྐྲུན་ལས་དོན་སྤེལ་མགོ་ཚུགས་པ་ནས་བཟུང་སྟེ་མཚོ་སྔོན་ཞིང་ཆེན་གྱི་རིམ་རྩིས་ཐོག་ས་ཁུལ11ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་བདེ་བླག་ངང་གསར་སྐྲུན་བྱས་པ་དང་ས་ཁུལ6ལ“སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་ལག་ལེན་གསར་གཏོད་རྟེན་གཞིར་མིང་བཏགས་ཡོད།
ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་མའོ་ཧུའེ་ཐེན་གྱིས་ཡོངས་སྒྲོག་ཚོགས་འདུའི་ཐོག་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཉེ་ཆར་ཁྱབ་སྒྲོག་བྱས་པའི2025ལོའི་མིང་འདོགས་རྩིས་ཡོད་པའི་མིང་ཐོའི་ནང་མཚོ་སྔོན་ཞིང་ཆེན་ལ་གྲུབ་འབྲས་གསར་པ་སླར་ཡང་བསྣན་ཡོད་པ་སྟེ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་གྱི་མིང་འདོགས་རྩིས་ཡོད་པའི་མིང་ཐོའི་ནང་བདམས་པ་དང་། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་དང་། མགོ་ལོག་ཁུལ་པད་མ་རྫོང་། མཚོ་ལྷོ་ཁུལ་བྲག་དཀར་རྫོང་བཅས་ཀྱི“སྔོ་ལྗང་གི་རི་ཆུ་ནི་གསེར་རི་དང་དངུལ་རི་ཡིན”ཞེས་པའི་ལག་ལེན་གསར་གཏོད་རྟེན་གཞིའི་མིང་འདོགས་རྩིས་ཡོད་པའི་མིང་ཐོའི་ནང་ཚུད་ཡོད།
དེ་སྔ་དང་བསྡུར་ན་ད་ལོའི་གསར་འཛུགས་བྱ་བའི་བླང་བྱ་ལ་འགྱུར་ལྡོག་དང་ཁྱད་ཆོས་གསར་པ་མངོན་ཡོད། དམིགས་ཚད་མ་ལག་ཐད་རིམ་པ་དང་རིགས་དབྱེ་པ་དང་། གནད་ལ་འཁེལ་བའི་ཁྲིད་སྟོན་སྔར་བས་འབུར་དུ་ཐོན་པ་དང་གྲོང་ཁྱེར་རིམ་པའི་དམིགས་ཚད་ཀྱིས་ལྗང་མདོག་འཛུགས་སྐྲུན་གྱི་བསྡུར་ཚད་སོགས་ཕྱོགས་བསྡུས་རང་བཞིན་དང་སྔོན་དཔག་རང་བཞིན་གྱི་ཕན་འབྲས་གཙོ་བོར་འཛིན་གྱི་ཡོད་པ་དང་རྫོང་རིམ་པའི་དམིགས་ཚད་ཀྱིས་ཞིང་ལས་སྐྱི་ཕྱིར་བསྡུ་ཚད་སོགས་ཞིབ་ཕྲའི་བཅོས་སྐྱོང་ལས་འགན་ཤུགས་བསྣན་ནས་ཚད་གཞི་དེ་སྔར་ལས་ལྷག་པའི་སྒོ་ནས་ས་ཁུལ་གྱི་དོན་དངོས་དང་འཕེལ་རྒྱས་དུས་མཚམས་དང་འཚམ་ཐུབ་པ་བྱས་ཡོད།
གསར་འཛུགས་གོ་རིམ་མངོན་གསལ་གྱིས་སྟབས་བདེ་རུ་བཏང་ཡོད། འབྲེལ་ཡོད་ལས་ཁུངས་ཀྱིས་དོ་དམ་སྒྲིག་སྲོལ་བཟོ་བཅོས་བརྒྱབ་སྟེ་ཆེད་དོན་འཆར་འགོདའམ་ཇུས་གཞི་བཟོ་འགོད་བྱ་རྒྱུ་དེ་སྙན་ཞུའི་སྔོན་གྱི་ཆ་རྐྱེན་དུ་མི་བརྩི་བར་གཞི་རིམ་ལས་ཁུངས་ཀྱིས་ཐད་ཀར་དམིགས་ཚད་མ་ལག་དང་བསྡུར་ནས་བྱ་བར་སྐུལ་འདེད་གཏོང་ཆོག་པ་དང་དུས་མཚུངས་སྙན་ཞུའི་རྒྱུ་ཆ་ཁུ་བསྡུ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཏན་ཏིག་ཇེ་ཡང་དུ་གཏོང་དགོས།
ལྟ་སྐུལ་དོ་དམ་ལམ་སྲོལ་ཕྱོགས་ཡོངས་ནས་ནན་མོ་བཏང་ཡོད། འབྲེལ་ཡོད་ལས་ཁུངས་ཀྱིས“རྒྱུན་གཏན་གྱི་ཉེན་བརྡ་དང་། འཁོར་ཡུན་བསྐྱར་ཞིབ་བྱེད་པ། མཐའ་མཇུག་འདོར་བ”ཁྱབ་པའི་འཁོར་ཡུན་ཡོངས་ཀྱི་གདུབ་ཟུམ་དོ་དམ་མ་ལག་བཙུགས་ནས་མིང་བཏགས་ས་ཁུལ་ལ་འགུལ་རྣམ་དང་ཡུན་རིང་གི་རྗེས་འདེད་དོ་དམ་ལག་བསྟར་བྱས་ཡོད། བསྐྱར་ཞིབ་དུས་འཁོར་དེ་ལོ་ལྔ་ནས་ལོ་གསུམ་དུ་ལེགས་སྒྲིག་བྱས་ནས་བསྐྱར་ཞིབ་བྱས་ནས་གྲོས་འཆམ་མ་བྱུང་བའི་ས་ཁུལ་གྱི་མིང་འདོགས་མེད་པར་བཟོ་རྒྱུའི་ཁ་གསལ་བཟོས་ནས་དཔེ་སྟོན་འཛུགས་སྐྲུན་གྱི་སྤུས་ཚད་དང་རྒྱུན་མཐུད་རང་བཞིན་འགན་སྲུང་བྱས་ཏེ“ཚོང་རྟགས་གཅིག་ཚེ་གང་བོར་འགེལ་པའི”གནས་ཚུལ་གཏན་འགོག་བྱ་རྒྱུ་རེད།