མཚོ་སྔོན་གཅན་ཚ་རྫོང་གི“ཕྱུགས་ལས་དང་ཉི་གློག་ཕན་ཚུན་མཉམ་འདྲེས”བྱེད་པའི་ཞི་མཐུན་གྱི་རི་མོའི་བཀོད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

དབྱར་དུས་ཀྱི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གཅན་ཚ་ཐང་ཤང་ཀ་སྐྱ་གྲོང་ཚོ་གཉིས་པའི་རི་ཆུ་དྭངས་ཤིང་གཙང་བའི་མཛེས་ལྗོངས་རི་མོ་ལྟར་མཛེས།ས་མཐོའི་ཉི་འོད་ལྷག་པར་ཆེ་ཞིང་།རྒྱུན་མཐུད་ཀྱི་རི་མ་ཐང་དུ་གཞན་དང་མི་འདྲ་བའི་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།རྒྱང་ལྟ་བྱེད་སྐབས།སྔོ་ཞིང་དྭངས་པའི་འོད་ཤུགས་པང་ལེབ་གྲལ་སྟར་འགྲིག་པོར་བསྒྲིགས་ནས་རི་ལྡེབས་སུ་སྤྱི་ལེ་ཁ་ཤས་བརྒྱུད་དེ་ཉི་འོད་འོག་འོད་ཆེམ་ཆེམ་དུ་འཕྲོ་བཞིན་ཡོད།ཉེ་སར་བཅར་ནས་བལྟས་ཚེ།འོད་ཤུགས་པང་ལེབ་འོག་གི་ས་སྟོང་དུ་འབྲི་གཡག་དང་ལུག་ཁྱུ་དང་ཁྱུ་བྱས་ནས་མགོ་བོ་སྒུར་ནས་རྩྭ་ལྗང་ཟ་བཞིན་ཡོད་པ་མཐོང་ནས“པང་ལེབ་ཐོག་གློག་གཏོང་བ་དང་པང་ལེབ་འོག་ཏུ་ཕྱུགས་འཚོ་བའི་”ཞི་མཐུན་གྱི་རི་མོ་ཞིག་གྲུབ་ཡོད།

དེ་ནི་གཅན་ཚ་ཐང་ཤང་གི་ཆན་ཝ་ཁྲི་40ཡི“འབྲོག་པའི་འོད་གསོག”གཞི་གཅིག་ཅན་གྱི་འཛུགས་སྐྲུན་རྣམ་གྲངས་རྟེན་གཞི་ཡིན་པ་རེད།2022ལོའི་ཟླ་7ཚེས་1ཉིན་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད།གཅན་ཚ་ཐང་ཤང་གི་ཆན་ཝ་ཁྲི་40ཡི“འབྲོག་པའི་འོད་གསོག་”གཞི་གཅིག་ཅན་གྱི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཅིང་ལི་གཞོན་པ་ཧྲི་ཞའོ་ཏུང་གིས“རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་18.6བཏང་བ་དང་།ས་ཁྱོན་མུའུ་8500ཟིན་པ།ཁྱོན་བདར་རྐྱང་ངོས་གཉིས་ཀྱི་འོད་ཤུགས་ལྷུ་སྒྲིག་792064ཡོད་པ་དང་།གཙོ་བོ་འོད་ཤུགས་ལྷུ་སྒྲིག་གྲུ་བཞི་དང་།འོད་ཤུགས་འདུས་ས་ཚིགས།གློག་གཏོང་ལམ་ཐིགའགྲིམ་འགྲུལ་ལས་གྲྭ་སོགས་ལས་གྲུབ་པ་དང་།2024ལོའི་ཟླ་7ཚེས་21ཉིན་བསྐྲུན་ནས་གློག་གཏོང་ཚད་ཁྱོན་ཡོངས་ནས་གློག་གཏོང་ཐུབ་པ་བྱུང་ཡོད”ཅེས་བཤད།

རྣམ་གྲངས་འཛུགས་སྐྲུན་བྱེད་རིང་།“ཞིང་འབྲོག་དང་།འོད་ཤུགས།ནུས་གསོག་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་སྤྱད་དེ་རྒྱུན་གཏན་གྱི་ནུས་རྒྱུ་ཟད་གྲོན་ཉུང་དུ་ནུས་ལྡན་གཏོང་བ་དང་ཆབས་ཅིག་རང་ངོས་ཀྱི་གནས་སྐབས་གསོག་འཇོག་དང་འོད་ཤུགས་གློག་ནུས་གཏོང་བ་སོགས་ཀྱི་ཁྱད་ཆོས་བརྒྱུད་གློག་ཚད་མགྱོགས་མྱུར་གསོག་འཇོག་དང་གློག་ཚད་ཐེག་ཚད་ཆེ་ཤོས་མེད་པ་བཟོས་ནས་རྒྱུན་མཐུད་འཕེལ་རྒྱས་ལ་འདེགས་སྐྱོར་མཁོ་འདོན་བྱས་ཡོད།

“རྩིས་རགས་ཙམ་བརྒྱབ་པ་བརྒྱུད།རྣམ་གྲངས་བསྐྲུན་རྗེས་ལོ་དང་པོར་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་ཁྲི་73330.2ཉུང་དུ་ཕྱིན་ནས་ལོ་རེར་ཆ་སྙོམས་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་ཁྲི་67469.7ཟིན་པ་དང་།གློག་ཁང་གི་ལོ་དང་པོར་ཉམས་རྒུད་དུ་སོང་མེད་པའི་དུས་ཚོད་ཆུ་ཚོད་1714.5ཟིན་ཡོད།ལོ་ལྟར་གློག་དྲར་གློག་ནུས་གཙང་མ་ཧའོ་ཝ་674505.86མཁོ་འདོན་ཐུབ་སྐབས་ཚད་ལྡན་རྡོ་སོལ་ཏུན་205724.29གྲོན་ཆུང་ཐུབ་ནས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་1681543.11དང་།དབྱང་གཉིས་མུ་ཟི་འགྱུར་རྫས་འབུད་ཚད་ཏུན་507.94བཅས་ཉུང་དུ་འགྲོ་ཐུབ”ཅེས་གཅན་ཚ་ཐང་ཤང་གི་ཆན་ཝ་ཁྲི་40ཡི“འབྲོག་པའི་འོད་གསོག་”གཞི་གཅིག་ཅན་གྱི་འཛུགས་སྐྲུན་རྣམ་གྲངས་ཀྱི་འོད་ཤུགས་གློག་ཁང་གི་ཀྲན་ཀྲང་ཏུང་ཀང་གིས་བཤད།

གཅན་ཚ་ཐང་ཤང་དཀར་སྐྱ་གྲོང་ཚོར་དུད་ཚང་220ཡོད་པའི་ནང་གསོ་ཚགས་དུད་ཚང་160ལྷག་ཙམ་ཡོད།རྣམ་གྲངས་ལག་བསྟར་བྱས་པ་དེས་ས་གནས་དེ་གའི་འབྲོག་པར་མིག་མཐོང་ལག་ཟིན་གྱི་ཕན་པ་ཐོབ་ཡོད།རྣམ་གྲངས་བོགས་མར་གཏོང་ལེན་གྱི་ཀ་རྒྱ་གྲོང་ཚོ་གཉིས་པའི་དུད་ཚང་103གྱི་འབྲོག་པའི་རྩྭ་ར་ཁྱོན་མུའུ་8500དང་མུའུ་རེར་ལོ་རེའི་བོགས་དངུལ་ཚད་གཞི་སྒོར་3070དང་བོགས་མར་གཏོང་བའི་དུས་ཚོད་ལོ་25ཡིན་པ་རེད།རྣམ་གྲངས་འཛུགས་སྐྲུན་བྱེད་རིང་རིམ་རྩིས་བྱས་ན་ས་གནས་དེ་གའི་མང་ཚོགས་300ལ་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད།གྲོང་མི་ཚོ་གནས་གཏན་འཁེལ་དང་།ཕུར་བ་རྒྱག་པ།འདེགས་སྒྲོམ་སྒྲིག་སྦྱོར་སོགས་ཀྱི་ལས་དོན་རབ་དང་རིམ་པའི་ནང་ཞུགས་པ་དང་གྲོང་མི་ཁག་གཅིག་གིས་ད་དུང་ཟ་ཁང་གི་ཇ་ཁང་ལ་རོགས་རམ་བྱེད་པ་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད།

ཀ་སྐྱ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཅིག་ལྕོགས་ཡིན་པའི་སྐལ་བཟང་རྒྱལ་གྱིས་འཛུགས་སྐྲུན་རྣམ་གྲངས་གོང་གི་ས་ཆ་དེ་རྩྭ་ཐང་ཡིན་པས་ཕྱུགས་འཚོ་བཞིན་ཡོད།ད་ཆ་རྣམ་གྲངས་བསྐྲུན་རྗེས་ས་ཞིང་དང་འབྲོག་ལས་ཀྱི་སྤྱོད་སྒོ་མི་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་འོག་འབྲོག་པའི་ཁྱིམ་ཚང་གི་དཔལ་འབྱོར་ཆུ་ཚད་མཐོ་རུ་ཕྱིན་ཡོད།

དབྱར་དུས་ཀྱི་གཅན་ཚ་ཐང་ཤང་དུ་ཆར་ཆུ་འབེལ་པོ་ཡོད་པ་དང་འོད་ཤུགས་ལེབ་མོའི་འོག་གི་རྩྭ་ཐང་སྔོ་ལྗང་གིས་ཁེངས།ཀ་རྒྱ་གྲོང་ཚོ་གཉིས་པའི་ནོར་1000དང་ལུག་1500ཡིས་འོད་ཤུགས་པང་ལེབ་འོག་བག་ཕེབས་ངང་རྩྭ་ཟ་བཞིན་ཡོད།ཏུང་ཀང་གིས་འོད་ཤུགས་པང་ལེབ་དེ་ས་ངོས་དང་བར་ཐག་སྨི་1.8ལས་བརྒལ་བས་ཕྱུགས་རྩྭ་སྐྱེ་འཚར་ལ་ཤུགས་རྐྱེན་མི་ཐེབས་པ་མ་ཟད།ནོར་ལུག་རང་མོས་ངང་རྩྭ་ཟ་བར་ཤུགས་རྐྱེན་དེ་བས་ཀྱང་ཐེབས་ཀྱི་མེད།འོད་ཤུགས་པང་ལེབ་ཀྱི་སྒྲིབ་སྒྲིབ་ཀྱིས་རྩྭ་རའི་ཆུ་རླངས་འགྱུར་ཉུང་དུ་ཕྱིན་པ་མ་ཟད།རྩྭ་ཐང་མཐོངས་ཡངས་ཁུལ་ལས་ཀྱང་རྒྱས་ཤིང་རྒྱས་པ་མ་ཟད།ད་དུང་ནོར་ལུག་ཁྱུ་དང་ལུག་ཁྱུར་ཉི་འོད་དྲག་པོ་ཞིག་བཀབ་ཡོད།

གླེང་རིན་ཡོད་པ་ཞིག་ནི་གཅན་ཚ་ཐང་ཤང་གིས་དེ་གོ་སྐབས་སུ་བྱས་ནས་འོད་ཤུགས་གློག་གཏོང་དང་ནོར་ལུག་ཕྱུགས་འཚོ་གཞི་གཅིག་ཏུ་བྱེད་པའི་སྣོད་བཅུད་རྒྱུན་མཐུད་ཐུབ་པ་དང“འོད་ཤུགས་ཞིང་འབྲོག་གི་ཐ་སྙད་”གཙོ་བོའི་ཡུལ་སྐོར་ཐོན་ལས་ཤིག་ཆགས་པ་དེས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་གཅན་ཚ་ཐང་ཤང་གི་བཟའ་བཏུང་དང་།ཁྱིམ་ཚང་།ལག་ཤེས་བཟོ་རྩལ་སོགས་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ནས་ཞིང་འབྲོག་པ་1000ལྷག་ཙམ་ལ་ལས་ཞུགས་གོ་སྐབས་ཐོབ་ནས་གྲོང་གསེབ་དར་རྒྱས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།

ཏུང་ཀང་གིས་རྣམ་གྲངས་དེ་འོད་ཤུགས་འཐབ་ས་འཛུགས་སྐྲུན་ཐད“འོད་ཤུགས་དང་འབྲོག་ལས་ཟུང་དུ་འབྲེལ་བའི”ལྗང་མདོག་འཕེལ་རྒྱས་གཏོང་སྟངས་སྤྱད་དེ་སྔོ་ཁེབས་སྐྱེ་འཚར་གྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད།ནོར་ལུག་འཚོ་སའི་བར་མཐོངས་ཀྱང་འགན་ལེན་ཐུབ་ནས“འབྲོག་པའི་འོད་སྣང”གསབ་རེས་ཐུབ་རྒྱུ་རེད་ཅེས་བཤད།དེས་གཅན་ཚ་རྫོང་ཁོངས་ཀྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་པ་མ་ཟད།ད་དུང་དཔལ་འབྱོར་གྱི་ཕན་འབྲས་དང་སྣོད་བཅུད་ཕན་འབྲས་གཉིས་ཕན་མངོན་འགྱུར་བྱུང་ཡོད།

གཅན་ཚ་རྫོང་གི་ནུས་རྒྱུ་གཙང་མའི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་བསྡུས་རིས་ཤིག་ཀྱང་ཡིན་པས་གཅན་ཚ་རྫོང་གི་ནུས་རྒྱུ་གསར་པ་ཕྱོགས་སྒྱུར་ལ་རམ་འདེགས་བྱེད་པ་དང་།“ཐཱན་དར་རི་རྩེ་དང་།ཐཱན་མཐུན་འགྲིག”དམིགས་ཚད་མགྱོགས་མྱུར་མངོན་འགྱུར་བྱེད་པ།གློག་ཤུགས་མ་ལག་གསར་པ་གཏོད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་།ས་གནས་དེ་གའི་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་འཐབ་ཇུས་དང་ལེན་ཧུར་ཐག་ཞུས་ནས་ནུས་རྒྱུ་གཙང་མའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་གཅན་ཚ་རྫོང་ལ“རྒྱལ་ཁབ་རིམ་པའི་རྫོང་ཧྲིལ་པོའི་ཁང་ཀླད་རྣམ་པའི་འོད་ཤུགས་ཚོད་ལྟ”ཐོབ་ནས་ནུས་རྒྱུ་གཙང་མའི་ཐོན་ལས་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།འབྱུང་འགྱུར་ནུས་རྒྱུ་གཙང་མའི་རྣམ་གྲངས་དེ་བས་མང་བ་དོན་འཁྱོལ་དང་ལག་བསྟར་བྱས་པ་དང་བསྟུན་ནས་གཅན་ཚ་རྫོང་གིས་ནུས་རྒྱུའི་གྲུབ་ཆ་སྔར་བས་ལེགས་སུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།