མཚོ་སྔོན་གསེར་ཆེན་རྫོང་གིས་གསར་གཏོད་རྨང་གཞིར་བྱས་ནས་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་ས་མཐོའི་རྣམ་པ་གསར་པ་ཞིག་བཏོད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་བཏུལ་ཐང་དུ་རླངས་འཁོར་ལ་བསྡད་དེ་བསྐྱོད་པ་དང་ཐག་རིང་གི་མཐོ་ལྕོག་ཅིག་ལ་འོད་ཟེར་འཕྲོ་བཞིན་ཡོད།ངོས་མང་ཉི་འོད་མེ་ལོང་ཁྲི་3ལས་གྲུབ་པའི་ནུས་རྒྱུའི་གྲུ་བཞི་རྒྱུན་མཐུད་ངང་ཉི་ནུས་བསྡུ་རུབ་བྱས་ཏེ་ཚ་འདུས་མཆོད་རྟེན་ལ་རྒྱུན་ཆད་མེད་པའི་ནུས་ཚད་མཁོ་འདོན་བྱས་ཡོད།“ང་ཚོའི་གློག་ཁང་ནི་རྒྱལ་ཁབ་ཀྱི་ཁག་དང་པོའི་འོད་དྲོད་གློག་གཏོང་དཔེ་སྟོན་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་།གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་ཁྲི་5ཟིན་གྱི་ཡོད།མཆོད་རྟེན་རྣམ་པའི་ཉི་ནུས་ཀྱི་དྲོད་གསོག་མ་ལག་སྤྱད་པ་དང་འབྲེལ་ཆུ་ཚོད་6རིང་གི་དྲོད་གསོག་མ་ལག་བཀོད་སྒྲིག་བྱས་ཡོད།སྲོལ་རྒྱུན་གྱི་འོད་ཤུགས་གློག་གཏོང་དང་བསྡུར་ན་དེར་རྒྱུན་མཐུད་དང་ཕྱིར་གཏོང་བརྟན་པོ་ཡོད་པའི་ཁྱད་ཆོས་ལྡན་ཡོད།མཚན་མོའམ་ཆར་པ་འབབ་པའི་དུས་སུའང་གློག་གཏོང་ཐུབ་ནས་གློག་དྲ་ལ་སྲ་ཞིང་བརྟན་པའི་དྭངས་གཙང་ནུས་རྒྱུ་མཁོ་འདོན་ཐུབ་ཀྱི་ཡོད”ཅེས་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཀན་སུའུ་ཀུང་སི་གསེར་ཆེན་འོད་ཚ་གློག་ཁང་གི་ཁྲང་ཀྲང་གཞོན་པ་ཕུའུ་ཡུང་ཁའེ་ཡིས་བཤད།

བཏུལ་ཐང་དུ་ལོ་རེར་ཆ་སྙོམས་ཉི་འོད་འཕྲོ་ཚད་ཆུ་ཚོད་3000ཙམ་ཟིན་པ་དང་བྱེ་ཐང་དུ་འགྱུར་བའི་ས་ཆ་དེ་དང་སྤྱི་ལེ་བཅུ་ཕྲག་ཁ་ཤས་ཡོད་པའི་རྨ་ཆུའི་སྟོད་རྒྱུད་ཀྱི་སྐས་རིམ་ཆུ་ཤུགས་གློག་ཁང་ཆེ་གྲས་དང་པོ་སྟེ།ཚལ་རྔ་འགག་ཆུ་ཤུགས་གློག་ཁང་དང་ཟུང་འབྲེལ་ཡག་པོ་བྱས་ནས་འོད་ཤུགས་གློག་གཏོང་གི་བརྟན་པོ་མེད་པ་དང་ཆུ་གློག་གི་སྟབས་བསྟུན་རང་བཞིན་གསབ་རེས་བྱས་ཏེ་གོ་ལ་ཧྲིལ་པོའི་ཆུ་འོད་གསབ་རེས་གློག་ཁང་དང་འོད་ཤུགས་གློག་གཏོང་གླིང་ཁུལ་ཆེ་ཤོས་བསྐྲུན་ཡོད།

མཚོ་ལྷོ་ཁུལ་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་ཁུལ་གྱི་ལྟ་སྐོར་མཆོད་རྟེན་ཐོག་ལངས་ནས་མིག་མདངས་ཀྱིས་བརྗིད་ཉམས་ལྡན་པའི་འོད་ཤུགས་ཀྱི་རྒྱ་མཚོ་ཞིག་རེད།“གླིང་ཁུལ་གྱི་སྤྱིའི་འཆར་འགོད་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4628.5ཟིན་པའི་ནང་ནུས་རྒྱུ་གསར་པའི་འོད་ཤུགས་དང་རླུང་གློག་ཁེ་ལས་91ཡོད”མཚོ་ལྷོ་ཁུལ་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཐ་ཡིས་མཚོ་ལྷོ་ཁུལ་གྱིས་གསར་གཏོད་རྨང་གཞིར་བྱས་ནས་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་ས་མཐོའི་རྣམ་པ་གསར་པ་ཞིག་བཏོད་ཡོད།

འོད་ཤུགས་པང་ལེབ་རེ་རེ་བཏིང་བ་དེས་མཚོ་ལྷོ་ཁུལ་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་རྨང་གཞི་བཏིང་བ་མ་ཟད།བཏུལ་ཐང་གི་སྣོད་བཅུད་སླར་གསོའི་འགག་རྩའི་ལྷུ་ཚིགས་སུ་གྱུར་ཡོད་པ་རེད།གཅིག་སྡུད་ཡུག་འབྲེལ་གྱི་འོད་ཤུགས་“རྒྱ་མཚོ”ཡིས་རླུང་གི་མྱུར་ཚད་དམའ་རུ་ནུས་ལྡན་ཕྱིན་པ་དང་།འོད་ཤུགས་པང་ལེབ་རྒྱབ་ཀྱི་གྲིབ་བསིལ་རླངས་འགྱུར་ཉུང་དུ་ཕྱིན་ཡོད།སྲུང་སྐྱོང་བྱེད་སྐབས་འོད་ཤུགས་པང་ལེབ་ཀྱི་ཆུ་ཆུས་བཤལ་ནས་འོད་ཤུགས་པང་ལེབ་འོག་གི་བྱེ་འགྱུར་ས་ཆར་ཆུ་ཁུངས་མཁོ་འདོན་བྱས་ནས་རྩྭ་ཐང་གི་གསོ་འཁྱོངས་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད།དེ་སྔ་བྱེ་འགྱུར་ཚབས་ཆེ་བའི་བཏུལ་ཐང་དུ་ད་ཆ་འོད་ཤུགས་ལེབ་མོའི་འོག་ཏུ་སྔོ་ལྗང་དུ་གྱུར་ནས་གསེར་སྐྱེས་ཡོད།

ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་ཁུལ་གྱི་འགྲོ་ལམ་བརྒྱུད་མདུན་སྐྱོད་བྱས་ཏེ་འགྲོ་ལམ་གཡས་གཡོན་གྱི་འོད་ཤུགས་ལེབ་མོ་འོད་ཆེམ་ཆེམ་དུ་འཕྲོ་བ་དང་པང་ལེབ་འོག་ལུག་ཁྱུ་ཡིས་གཟན་རྩྭ་འཐུ་བཞིན་ཡོད།“ཤང་དེ་ཡོངས་ཀྱི་གྲོང་ཚོ་10ལ་ད་ཆ་གྲོང་ཚོའི་མཉམ་སྡེབ་གསོ་ཚགས་དུད་ཚང་6གིས་འོད་ཤུགས་ཁེ་ལས་གླིང་ཁུལ་དུ་རིན་མེད་ངང་ཕྱུགས་འཚོ་བཞིན་ཡོད”གསེར་ཆེན་རྫོང་ཐེ་ཀེ་ཤང་གི་ཤང་ཀྲང་གཞོན་པ་ཀྲང་ཧྲི་ཞ་ཡིས་འོད་ཤུགས་གློག་གཏོང་ཁེ་ལས་ཀྱིས་རྫོང་ཞིང་འབྲོག་ཅུས་དང་ཤང་སྲིད་གཞུང་བཅས་ཕྱོགས་གསུམ་དང་གྲོས་མཐུན་བཞག་ནས་གྲོང་ཚོའི་མཉམ་སྡེབ་ཀྱི་ལུག་ཁྱུ་ཁྲོམ་རར་རིན་མེད་ངང་རྩྭ་མེད་པ་བཟོ་རྒྱུའི་གྲོས་མཐུན་བཞག་ཡོད།བྱེད་ཐབས་དེ་རིགས་ལ་བརྟེན་ནས་འོད་ཤུགས་གླིང་ཁུལ་གྱི་རྩྭ་ཐོན་ཚད་མཐོ་དྲགས་པའི་མེ་སྐྱོན་གྱི་ཉེན་ཁ་ཆུང་དུ་ཕྱིན་པ་དང་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་བྱུང་བ་དང་ཆབས་ཅིག་སྣོད་བཅུད་ཁོར་ཡུག་ལེགས་སུ་ཕྱིན་ཡོད་པ་རེད།

མཚོ་ལྷོ་ཁུལ་གྱི་ལག་ལེན་ནི་མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད།མཚོ་སྔོན་གྱི་ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་ཐོག་རླུང་ནུས་དང་།འོད་ནུས།ཆུ་ནུས་བཅས་ལས་ཐོན་པའི་གློག་ཤུགས་གཙང་མ་དེ་གློག་དྲ་ནས་གཅིག་སྡུད་དང་གནོན་ཤུགས་ཆེ་རུ་ཕྱིན་ནས་རི་ཀླུང་བརྒལ་ཏེ་མཐར་བདེ་འཇགས་དང་།བརྟན་པོ།ནུས་ཆེའི་སྒོ་ནས་དབུས་ཤར་རྒྱུད་ཀྱི་ས་ཁུལ་དུ་བསྣན་ནས་རྒྱལ་ཁབ་ཀྱི་ནུས་རྒྱུའི་འཕར་རྩ་ལ་ས་མཐོའི་ཐོག་ནས་ཡོང་བའི་ལྗང་མདོག་གློག་གཏོང་རྒྱུ་ཡིན་པ་རེད།འདི་ལོའི་ཟླ་5པའི་ཟླ་མཇུག་བར་མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་7138ཟིན་པ་དང་ནུས་རྒྱུ་གསར་པའི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་5499ཟིན་པ་དེས་མཚོ་སྔོན་གློག་དྲའི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྱི་94.2%དང་72.6%སོ་སོར་བཟུང་ནས་རྒྱལ་ཡོངས་ཀྱི་སྔོན་ལ་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་དང“གཙོ་གཟུགས་གཉིས”བཟུང་ཡོད་པ་རེད།

མཚོ་སྔོན་གྱི་སྟོང་ཧྥུའུ་800ཡི་མཐོ་གནོན་མཚོ་སྔོན་ལྷོ་རྒྱུད་ཀྱི་རྒྱུག་བརྗེ་ས་ཚིགས་སུ་སྐྱོད་སྐབས་ལས་དོན་མི་སྣས་ལྗང་མདོག་གློག་གཏོང་འགན་ལེན་བྱ་ཆེད་སྐྱེལ་འདྲེན་ཞིབ་བཤེར་བཟོ་བཅོས་བྱེད་བཞིན་ཡོད་པ་རེད།མར་ཐང་ཆུ་ཤུགས་གློག་ཁང་དང་ཡར་ཆུ་ཆུ་ཤུགས་གློག་ཁང་སྔ་རྗེས་སུ་འཁོར་རྒྱུག་བྱས་པ་དང་བསྟུན་ནས་ཆན་ཕུའུ་800ཡི་མཚོ་སྔོན་དང་ཧོ་ནན་ཐེའི་མཐོ་གནོན་ལས་གྲྭར་ལྗང་མདོག་གི་གློག་ཁུངས་ཆེན་པོ་ཞིག་མཁོ་འདོན་བྱས་ནས་ལྗང་མདོག་གི་འཕར་རྩ་ཆེན་པོ་དེར་ཕན་འབྲས་ཆེ་ཤོས་ཐོན་རྒྱུའི་འགན་ལེན་བྱ་རྒྱུ་རེད།“ཐག་རིང་དང་ཤོང་ཚད་ཆེ་བའི་མཐོ་གནོན་གློག་གཏོང་ལག་རྩལ་ལ་བརྟེན་ནས་ལྗང་མདོག་གློག་ལམ‘མྱུར་བགྲོད་གཞུང་ལམ’དེར་དུས་ཚོད་ཧའོ་སྨི་5ལས་སྤྱད་མེད་པས་མཚོ་སྔོན་གྱི་ལྗང་མདོག་ནུས་རྒྱུ་སྤྱི་ལེ་1500ལྷག་ཙམ་གྱི་སར་ཡོད་པའི་ཧོ་ནན་དུ་གཏོང་ཐུབ་ཀྱི་ཡོད།སྐར་ཆ་གཅིག་གི་གློག་གཏོང་ཚད་ཁྱིམ་ཚང་གཅིག་གིས་ལོ་གཉིས་སྤྱོད་ཐུབ་ཀྱི་ཡོད”ཅེས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཚད་བརྒལ་གློག་ཆེན་ཀུང་སིའི་ལག་རྩལ་མི་སྣ་ལུའུ་ཅིན་ལུང་གིས་བཤད།

“ནུབ་གློག་ཤར་གཏོང”གི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པའི་ངོས་ནས་ཆན་ཕུའུ་800ཡི་མཚོ་སྔོན་དང་ཧོ་ནན་ཐེའི་གློག་ཆེན་ལས་གྲྭ་དེ་མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་གཞི་ཁྱོན་ཆེ་བའི་གསར་སྤེལ་འཆར་འགོད་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་པའི་མཐོ་གནོན་གློག་གཏོང་བགྲོད་ལམ་ཆེན་པོ་དང་པོ་དེ་ཡིན་ལ།རང་རྒྱལ་གྱིས་སྔོན་ཐོན་གློག་གཏོང་ལག་རྩལ་སྤྱད་དེ་ནུས་རྒྱུ་གསར་པའི་རྟེན་གཞི་ཆེ་གྲས་ལེགས་བསྡུས་ཞིབ་གཉེར་གསར་སྤེལ་བྱེད་པའི་འཛམ་གླིང་རིམ་པའི་དཀའ་གནད་ཀྱི་ལག་ལེན་གལ་ཆེན་ཞིག་ཀྱང་རེད།ཟླ་6ཚེས་30ཉིན་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སི་དང་ལྷོ་ཕྱོགས་གློག་དྲ་གཉེར་སྐྱོང་ས་ཁོངས་ཀྱི་ལྗང་མདོག་གློག་གཏོང་ཉོ་ཚོང་བྱས་པ་དང་བསྟུན་ནས་མཚོ་སྔོན་གྱི་ལྗང་མདོག་གློག་གཏོང་ཀོང་ཏུང་དུ་ཐོག་མར་བསྐྱལ་བ་རེད།མཚོ་སྔོན་གྱི་ལྗང་མདོག་གློག་གཏོང་ཕྱིར་གཏོང་ཁྱབ་ཁོངས་པེ་ཅིང་དང་།ཧྲང་ཧའེ།ཧོ་ནན་སོགས་ཞིང་ཆེན་16བར་རྒྱ་ཆེར་བཏང་ཡོད།

མཚོ་སྔོན་ལ་སྔོན་ལ་ལྗང་མདོག་གློག་གཏོང་གི་ལེགས་ཆ་ལྡན་པ་མ་ཟད།ས་མཐོའི་གྲང་ངར་ཆེ་བའི་གནམ་གཤིས་ཀྱང་ཐོན་ཁུངས་སུ་གྱུར་ཡོད།ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་3.9ཟིན་པའི“རང་བྱུང་གི་གྲང་ཁུངས”ཀྱིས་གྲངས་གཞི་ལྟེ་གནས་ཀྱི་གྲང་བཟོའི་ནུས་རྒྱུ་ཟད་གྲོན་གྱི་40%དང་།རྩིས་རྒྱག་ནུས་པའི་མ་འཇོག་གི་མ་གནས་20%བཅས་དམའ་རུ་འགྲོ་རྒྱུ་དང་གཉེར་སྐྱོང་མ་གནས་30%ཆག་རྒྱུ་རེད།ལྷན་སྐྱེས་དེར་གཞི་ཚུགས་ཏེ་མཚོ་སྔོན་གྱིས་རྩིས་རྒྱག་ནུས་པའི་ཐོན་ལས་ལ་ཤུགས་སྣོན་བརྒྱབ་ནས་ལྗང་མདོག་རྩིས་རྒྱག་མཐུན་སྦྱོར་འཕེལ་རྒྱས་ཀྱི་འགྲན་ལམ་གསར་པ་བཏོད་ཡོད།“ང་ཚོས་རྩིས་ཤུགས་ལྟེ་གནས་5ཡི་ཞབས་ཞུའི་འཕྲུལ་ཆས་ཁྲི་1.7དང་།རྩིས་རྒྱག་ནུས་པ་ཁྲི་1.55དང་དེ་བཞིན་ཟད་གྲོན་གྱི་འཁོར་སྐྱོད་གྲངས་གཞི་བཅས་དང་འབྲེལ་མཐུད་བྱས་ནས་ཞིང་ཆེན་ཡོངས་ཀྱི་རྩིས་རྒྱག་ནུས་པ་ལྟེ་གནས་ཀྱིས་ཉིན་རེར་ཆ་སྙོམས་ནུས་རྒྱུ་གཙང་མའི་བསྡུ་ཉར་གཙང་སེལ་བྱེད་ཚད་10%མཐོ་རུ་བཏང་བ་དང་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་8.31ཉུང་དུ་བཏང་ཡོད”ཅེས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ལྗང་ནུས་གྲངས་གཞི་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཝང་ཝུའེ་ཆིང་གིས་བཤད།

གློག་དྲ་ནི་ནུས་རྒྱུ་གཙང་མ་གསར་སྤེལ་ལ་སྐུལ་འདེད་གཏོང་བ་དང་།ལྗང་མདོག་གློག་བསྡུ་གཙང་སེལ་ལ་སྐུལ་འདེད་གཏོང་བ།གློག་ཤུགས་བདེ་འཇགས་དང་མཁོ་སྤྲོད་བརྟན་པོ་འགན་ལེན་བྱེད་པ་བཅས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་རེད།ཉེ་བའི་ལོ་ཤས་རིང་།མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད་རྒྱུ་དམིགས་ཚད་དུ་བྱས་ཏེ་ཞིང་ཆེན་ནང་ཁུལ་དུ་ཤར་རྒྱུད་ཀྱི་ཆན་ཕུའུ་750ཡི་ཡིག་གཟུགས་དང་ནུབ་རྒྱུད་ཀྱི་ཆན་ཕུའུ་750ཡི་ཡིག་གཟུགས་ཀྱི་རྐང་འཛིན་དྲ་སྒྲོམ་བསྐྲུན་ནས་གློག་ནུས་སྤྲོད་ཚད་ཆན་ཝ་ཁྲི་སྟོང་ལས་བརྒལ་བའི་ཞིང་ཆེན་རིམ་པའི་གློག་དྲ་ཞིག་ཏུ་གྱུར་ཏེ་ཞིང་ཆེན་ནང་ཁུལ་གྱི་གཞི་ཁྱོན་ཆེ་བའི་ནུས་རྒྱུ་གཙང་མའི་དྲ་སྦྲེལ་དང་བསྡུ་ཉར་གཙང་སེལ་གྱི་དགོས་མཁོ་བསྐངས་ཡོད།ན་ནིང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་བསྡུ་ཉར་གཙང་སེལ་དང་ཆུ་མིན་པའི་བསྐྱར་སྐྱེས་ནུས་རྒྱུའི་བསྡུ་ཉར་ཉུང་གཏོང་གི་བསྡུར་ཚད་72.9%དང་32.9%སོ་སོར་ཟིན་ནས་རྒྱལ་ཁབ་ཀྱི་སྔོན་དཔག་དམིགས་ཚད་ལས་མཐོ་བ་ཡོད་པ་རེད།

གློག་ཤུགས་སྔོན་ལ་བཏང་ནས་ལྗང་མདོག་གློག་གཏོང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་ཐག་རིང་རི་ཁུལ་དུ་ཕན་པ་ཐོབ་ཡོད།ཟླ་7ཚེས་22ཉིན་མཚོ་སྔོན་གྱི་ཆན་ཕུའུ་330ཡི་ཡུལ་ཤུལ་གྱི་ལམ་ཐིག་གཉིས་པའི་ལས་གྲྭ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཤིང་།ཡུལ་ཤུལ་གྱི་གློག་དྲ་དང་མཚོ་སྔོན་གྱི་གློག་དྲ་གཙོ་བོའི་དབར་ཆན་ཕུའུ་330ཡི་སྐུད་ལམ་སྦྲེལ་བའི“ཉིས་ལོག”དངོས་སུ་ཆགས་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཁྲི་40ལྷག་ཙམ་ལ་ཕན་པ་ཐོབ་ཡོད།དེ་ཐོག་ནས་མཚོ་སྔོན་གྱི་གྲོང་ཁྱེར་དང་ཁུལ་8ཚང་མར་ཆན་ཕུའུ་330ཡི་གློག་དྲ་ཆེན་པོ་ཉིས་གཤིབ་ཀྱིས་གློག་གཏོང་ཐུབ་པ་མཚོན་ཡོད།

མཚོ་སྔོན་ཞིང་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི《མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད་པའི་བྱ་སྤྱོད་ཇུས་གཞིའི》ནང་2030ལོར་སླེབས་སྐབས་རླུང་གློག་དང་འོད་ཤུགས་སྒྲིག་སྦྱོར་འཕྲུལ་འཁོར་ཆན་ཝ་དུང་ཕྱུར་1ལས་བརྒལ་བ་དང་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་1.4ལས་བརྒལ་བའི་དམིགས་ཚད་བཏོན་ཡོད།རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད་རྒྱུར་དམིགས་ནས་མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་རྒྱུག་བཞིན་ཡོད་པ་དང་རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལྗང་མདོག་གི་ནུས་པ་ཆེན་པོ་བསྣན་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།