[ཡིད་ཆེས་བརྟན་པོ། དངོས་སྒྲུབ་བརྩོན་ལེན།]མཚོ་སྔོན་གྱི་ཕྱི་ཕྱོགས་ཚོང་དོན་གྱི་གནས་བབ་ལྡོག་ནས་ས་མཐོའི་དཔལ་འབྱོར་འཕར་བའི་སྒུལ་ནུས་གསར་པ་འཕེལ་བར་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་རྣམ་པ་ལེགས་སྒྲིག་གཏིང་ཟབ་བྱས་པ་དང་།རྒྱལ་སྤྱིའི་ཚོང་དོན་གྱི་བཀག་རྒྱ་མང་དུ་ཕྱིན་པ།གཏན་འཁེལ་མེད་པའི་རང་བཞིན་ཆེ་རུ་ཕྱིན་པ་བཅས་ཀྱིས་སྐམ་སའི་དབུས་ཁུལ་གྱི་ས་མཐོའི་ཞིང་ཆེན་ཞིག་ཡིན་པའི་ངོས་ནས་མཚོ་སྔོན་གྱིས་ཕྱི་ཕྱོགས་ཚོང་དོན་གྱི་རྒྱུགས་ལན་ཧ་ཅང་ཡག་པོ་ཞིག་སྤྲད་ཡོད།འགག་སྒོའི་གྲངས་གཞི་ལས་མངོན་པར།2025ལོའི་ལོ་སྟོད་དུ་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་35.9ཟིན་པ་དེ་དུས་མཚུངས་ལས་57.7%འཕར་བ་དང་།དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་31.8ཟིན་ནས་ལྡབ་1.1འཕར་བ་དང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་4.1ཟིན་ནས་47%ཆག་ཡོད་པ་རེད།ཕྱིར་གཏོང་ནང་འདྲེན་དང་ཕྱིར་གཏོང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།“ས་མཐོའི་ངོ་མཚར་ཅན”དེའི་རྒྱབ་ཏུ་སྲིད་ཇུས་དང་།ཐོན་ལས།ཁྲོམ་ར་སོགས་སྟོབས་ཤུགས་མང་པོས་མཉམ་དུ་ཤུགས་རྒྱག་པ་ཞིག་ཡིན་པ་དང་།སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ཐབས་ལམ་དེ་བས་མངོན་ཡོད་པ་རེད།

དམངས་གཉེར་ཁེ་ལས་ཀྱིས་མི་སྣ་གཙོ་བོ་བཏང་ནས་ཕྱི་ཕྱོགས་ཉོ་ཚོང་གི་གསོན་ཤུགས་ཆེན་པོ་བཏོན་པ།

མཚོ་སྔོན་གྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུའི་ཁྲོད་དམངས་གཉེར་ཁེ་ལས་ཀྱིས་ཚབ་བྱེད་ཐབས་བྲལ་བའི་གཙོ་ཤུགས་དམག་གི་གནས་བབ་བཟུང་ནས་ཕྱི་ཕྱོགས་ཚོང་དོན་འཕར་རྒྱུར་སྐུལ་འདེད་གཏོང་བའི་ལྟེ་བའི་སྟོབས་ཤུགས་སུ་གྱུར་ཡོད།ལོ་སྟོད་དུ་མཚོ་སྔོན་གྱི་འགག་སྒོ་ལས་ཁུངས་ཀྱིས་ཐོ་འགོད་སྙན་སེང་ཞུས་པའི་ཕྱིར་གཏོང་ནང་འདྲེན་ཁེ་ལས་1888ཟིན་པ་དེ་དུས་མཚུངས་ལས་11.5%འཕར་བའི་ནང་ཕྱིར་གཏོང་ནང་འདྲེན་གྱི་གྲུབ་འབྲས་དངོས་ལྡན་པའི་ཁེ་ལས་180ཟིན་པ་དེ་དུས་མཚུངས་ལས་16.1%འཕར་བ་དང་དམངས་གཉེར་ཁེ་ལས་ཀྱི་རྣམ་འགྱུར་དེ་བས་མངོན་གསལ་དོད་པོ་ཡོད།

མཚོ་སྔོན་ཕུའུ་ནའེ་མཐོ་གསར་རྒྱུ་ཆ་ཚད་ཡོད་ཀུང་སིའི་ཟོག་འདྲེན་ཁུལ་དུ་མེ་བཟོད་རྒྱུ་ཆ་ཁག་དང་ཁག་བྱས་ནས་རླངས་འཁོར་ནང་བླུགས་ཏེ་ཁོངས་མིའི་རྒྱལ་ཁབ་RCEPལ་གཏོང་གི་ཡོད།“2023ལོ་ནས་2025ལོའི་ལོ་སྟོད་བར་ཀུང་སི་ཚོང་དོན་ཁོངས་གཏོགས་ཀྱི་སྲིད་ཇུས་གསོ་སྦྱོང་ནང་ཐེངས་མང་ཞུགས་ནས་ཕྱི་རྒྱལ་གྱི་ཆ་འཕྲིན་དང་སྲིད་ཇུས་སྒྲོག་འགྲེལ་ཐོབ་ཐབས་བྱས་པས་ཕྱིར་གཏོང་མངགས་ཐོའི་གྲངས་འབོར་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད”མཚོ་སྔོན་ཕུའུ་ནའེ་མཐོ་གསར་རྒྱུ་ཆ་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།འདི་ལོའི་ལོ་སྟོད་དུ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་1.5ཟིན་ནས་འཕར་ཚད་སྨྱུག་མ་ལྟ་བུར་གྱུར་ཡོད།

དམངས་གཉེར་ཁེ་ལས་འཕར་ཤུགས་ཆེ་བ་དེ་སྲིད་ཇུས་ཀྱིས་ཁྲོམ་ར་གསར་འབྱེད་ལ་གནད་སྨིན་ཁྲིད་སྟོན་དང་ནུས་ཤུགས་ཡོད་རྒུས་འདེགས་སྐྱོར་བྱེད་པ་དང་ཁ་འབྲལ་ཐབས་མེད།མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་གཙོ་གནད་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་གསལ་ཐོ་པར་འགྲེམས་བྱས་ནས་ཁེ་ལས་ཀྱིས་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་བྱ་རྒྱུར་སྟབས་བསྟུན་རྒྱབ་སྐྱོར་བྱས་པ་དང་རིམ་རྩིས་བྱས་ན་ཁེ་ལས་ཐེངས་གྲངས་སྟོང་ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ཀོང་ཁུལ་ཚོང་འདུས་དང་ནང་འདྲེན་དངོས་མང་སྟོན་ཚོགས་ནང་ཞུགས་པ་མ་ཟད།ཨེ་ཤེ་ཡ་ཤར་ལྷོ་དང་།ཨེ་ཤེ་ཡ་དབུས་མ།ཡོ་རོབ་དང་འབྲི་ཆུའི་ཟུར་གསུམ་གླིང་།ཀྲུའུ་ཅང་ཟུར་གསུམ་གླིང་བཅས་སུ་དཔལ་འབྱོར་ཚོང་དོན་འོས་སྦྱོར་བྱེད་སྒོ་སྤེལ་ནས་ཕྱོགས་མང་པོའི་ཐོག་ནས་མཚོ་སྔོན་གྱི་ཐོན་ལས་ལེགས་ཆ་དང་ཁྱད་ལྡན་ཐོན་རྫས་དྲིལ་བསྒྲགས་བྱས་པ་རེད།ཁེ་ལས་ཀྱིས་རྒྱལ་སྤྱིའི་ཚོང་གཉེར་དྲ་བ་དང་ཕྱི་མཛོད་འཛུགས་སྐྲུན་བྱེད་པར་བརྟེན་ནས་ཨེ་ཤ་ཡ་ཤར་ལྷོ་དང་།ཨེ་ཤ་ཡ་དབུས་མ།ཡོ་རོབ་སོགས་སྣ་མང་ཅན་གྱི་ཚོང་ར་གསར་གཏོད་བྱེད་པར་ཁྲིད་སྟོན་བྱ་དགོས།

གྲངས་གཞི་ལས་དམངས་གཉེར་ཁེ་ལས་ཀྱིས་ཤུགས་རྒྱག་པ་ར་སྤྲོད་བྱས་པ་སྟེ།ལོ་སྟོད་དུ་མཚོ་སྔོན་གྱི་དམངས་གཉེར་ཁེ་ལས་166གིས་ཕྱིར་གཏོང་ནང་འདྲེན་གྱི་ལས་སྒོ་སྤེལ་བ་དེ་དུས་མཚུངས་ལས་28མང་དུ་ཕྱིན་པ་དེས་དུས་མཚུངས་ཀྱི་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་གྲུབ་འབྲས་དངོས་ལྡན་པའི་ཁེ་ལས་བསྡོམས་འབོར་གྱི་92.2%བཟུང་བ་དང་།ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་31.2ཟིན་ནས་89.3%འཕར་བ་དེས་དུས་མཚུངས་ཀྱི་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་རིན་ཐང་བསྡོམས་འབོར་གྱི་87%བཟུང་བ།ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་བརྒྱ་ཆའི་གྲངས་64.5འཕར་རྒྱུར་སྐུལ་ཁྲིད་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་112%ཟིན་ཡོད།

སྲིད་ཇུས་ཀྱི་ཁེ་སྤོགས་ཁྲོད་ནས་སྒུལ་ནུས་བསྡུ་ལེན་བྱས་ཏེ་གསར་གཏོད་ཚད་བརྒལ་ཁྲོད་བར་མཐོངས་རྒྱ་ཆེར་བཏང་བས་དམངས་གཉེར་ཁེ་ལས་ཀྱིས་མཚོ་སྔོན་གྱི་ཕྱི་ཕྱོགས་ཚོང་དོན་གྱི་གཞི་རྩའི་འཆར་གཞི་བརྟན་པོ་བྱུང་བ་མ་ཟད།ས་མཐོའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི“བར་མཐོངས་གསར་པ”ཡང་རྒྱ་ཆེར་བཏང་ཡོད།

“རྒྱུད་གཅིག་ལམ་གཅིག”གི་གསེར་ཟམ་བསྐྲུན་ནས་ཚོང་དོན་ཁྱབ་ཁོངས་གཏིང་ཟབ་ཏུ་རྒྱ་སྐྱེད་བཏང་བ།

“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་མཚོ་སྔོན་ལ་གོ་ལ་ཧྲིལ་པོར་སྐྱོད་པའི“བར་སྣང་བར་ཁྱམས”དང“སྐམ་སའི་བགྲོད་ལམ”བཏོད་ཡོད།ལོ་སྟོད་དུ་མཚོ་སྔོན་གྱིས་རྒྱལ་ཁབ(ས་ཁུལ)91དང་ཚོང་དོན་འགྲོ་འོང་བྱས་པའི་ནང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་རྒྱལ་ཁབ་67ཡོད་པ་རེད།མཚོ་སྔོན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་29.6ཟིན་ནས་78.7%འཕར་བ་དེས་དུས་མཚུངས་ཀྱི་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་སྤྱིའི་རིན་ཐང་གི་82.5%བཟུང་ནས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་9.7མཐོ་རུ་ཕྱིན་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་སྔོ་ཚལ་ཐོན་ལས་གླིང་དུ་ཞོགས་པའི་རོ་མའི་སྔོ་ཚལ་འཁྱེར་ནས་མགྱོགས་མྱུར་ཐུམ་བརྒྱབ་སྟེ་འཁྱག་སྦྲེལ་ཆེད་སྤྱོད་ལམ་ཐིག་བརྒྱུད་ཆུ་ཚོད་72བརྒྱུད་ཤང་ཀང་དུ་འབྱོར་གྱི་ཡོད།“ཤང་ཀང་གི་གྲོང་མིས་ས་མཐོའི་བྲོ་བ་ཞིམ་པོ་དེ་ཁས་ལེན་གྱི་ཡོད”དགོན་ལུང་རྫོང་སྔོ་ཚལ་ལག་རྩལ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲུའུ་ཨན་ཤང་གིས་ད་ཆ་ས་མཐོའི་སྔོ་ཚལ་ཏུན་ཁྲི་1.5“ཤང་ཀང་དང་ཨའོ་མོན་ལ་མཁོ་འདོན་བྱེད་པའི”རྟེན་གཞི་བརྒྱུད་ཕྱིར་ཚོང་བྱས་པ་དེ་ཝི་ཁེ་ཐོ་རུའེ་ཡའི་གྲུ་ཁའི་ངོགས་ཀྱི་ས་མཐོའི་མཚོན་རྟགས་སུ་གྱུར་ཡོད་ཅེས་བཤད་པ་རེད།2025ལོར་མཚོ་སྔོན་ནས་ཤང་ཀང་བར་གྱི་དཔལ་འབྱོར་ཚོང་དོན་སྤེལ་རེས་བྱེད་སྒོ་གཉེར་བ་དེས“མཚོ་སྔོན་གྱི་ཁྱིམ་གྱི་གསོལ་སྟོན”གྱིས་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་ལ་སྐུལ་ཁྲིད་བྱེད་པའི་རྣམ་པ་གསར་པ་ཞིག་བཏོད་ཡོད།

ཞིང་ལས་ཐོན་རྫས་ཙམ་མིན་པར་ཚྭ་མཚེའུ་རྫས་འགྱུར་བཟོ་ལས་ཀྱི་ཐོན་རྫས་ཀྱང“རྒྱུད་གཅིག་ལམ་གཅིག”གི་འབྱུང་རྩ་བརྒྱུད་དེ་བས་རིང་བའི་ཁྲོམ་རར་བསྐྱོད་ཡོད།མཚོ་སྔོན་དབྱི་ཧྭ་རྫས་འགྱུར་བཟོ་ལས་ཚད་ཡོད་འགན་འཁྲི་ཀུང་སིར་དེ་སྔ་མཚོ་ཐོག་སྐྱེལ་འདྲེན་གྱི་འགྲོ་གྲོན་འཕར་བའི་ཤུགས་རྐྱེན་ཐེབས་ནས་PVCཐོན་རྫས་རྒྱ་མཚོར་བསྐྱོད་རྒྱུར་འགོག་རྐྱེན་བཟོས་ཡོད།ཞིང་ཆེན་ཚོང་དོན་ཐིང་གི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཀུང་སི་དེས“མཚོ་སྔོན་ནས་ནན་ཉིང་ནས་ལྷོ་དང་ཝེ་ཐེ་ནམ་བར”གྱི་ལྕགས་ལམ་སྐྱེལ་འདྲེན་གྱི་ལམ་ཐིག་གསར་པ་བརྒྱུད་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་བཏང་ནས་ཟོག་འགྲེམས་མ་གནས་དམའ་རུ་བཏང་བ་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ཡོད།

ཞིང་ཆེན་ཚོང་དོན་ཐིང་གིས།《མཚོ་སྔོན་ཞིང་ཆེན་གྱི་ཚོང་དོན་ཁྱབ་ཁོངས་དེ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་མཉམ་འདྲེས་གཏིང་ཟབ་བྱས་ནས་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2025ལོ་ནས་2027ལོ་བར)》དང《མཚོ་སྔོན་ཞིང་ཆེན་གྱི་དངུལ་རྩའི་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་ཚོང་དོན་བརྟན་པོ་ཡོང་བའི་ལས་དོན་གྱི་ཕྱོགས་སྟོན》བཏོན་ནས་དངུལ་རྩས་ཕྱི་ཕྱོགས་ཚོང་དོན་བརྟན་པོ་ཡོང་བའི་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཁེ་ལས་ཀྱི་རྒྱལ་མཚམས་སྒྲོལ་བའི་སྦྲེལ་མཐུད་དང་མ་དངུལ་བསྡུ་སྒྲིལ་གྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཡོད།གཞན་ཡང་ཁྲུང་ཆིང་གྲོང་ཁྱེར་དང་ནུབ་རྒྱུད་ཀྱི་སྐམ་ས་དང་མཚོ་ཐོག་གི་བགྲོད་ལམ་གསར་པ་མཉམ་སྐྲུན་གཏིང་ཟབ་ཏུ་གཏོང་བའི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་དེ་མཚོ་བོད་ལྕགས་ལམ་ཀུང་སི་དང་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་ཟླ་འཁོར་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་གཏོང་བའི་འཆར་གཞིའི་གྲོས་མོལ་ལམ་སྲོལ་བཙུགས་ནས་རླངས་འཁོར་དང་ཀོ་བའི་སྐྱེལ་འདྲེན་འཆར་གཞི་མཐུན་སྦྱོར་བྱས་ཏེ་ཐོན་ལས་ཀྱི་ལེགས་ཆ་ཕྱིར་གཏོང་གི་ལེགས་ཆར་འགྱུར་རྒྱུར་སྐུལ་འདེད་བྱས།

“རྒྱུད་གཅིག་ལམ་གཅིག”གིས་བསྐྲུན་པའི་སྒོ་དབྱེའི་འབྲེལ་ཟམ་ལས་ས་མཐོའི་ཁྱད་ལྡན་ཐོན་རྫས་ལ་དེ་བས་ཡངས་པའི་གར་སྟེགས་ཤིག་རྙེད་པ་མ་ཟད།མཚོ་སྔོན་འདི་ཉིད་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་ནང་གཏིང་ཟབ་ཞུགས་ཐུབ་པ་བྱུང་ཡོད།

ཁྱད་ལྡན་ཐོན་ལས་དར་རྒྱས་བྱུང་ནས་ལྗང་མདོག་ཐོན་རྫས་འཛམ་གླིང་དུ་ཁྱབ་པ།

མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་ས་ཁམས་ཆ་རྐྱེན་ལས་ཕུན་སུམ་ཚོགས་པའི་ཁྱད་ལྡན་ཐོན་ལས་ཐོན་ཁུངས་སྐྱེད་སྲིང་བྱས་ནས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆར་གྱུར་ཡོད།ཉེ་བའི་ལོ་ཤས་རིང་།མཚོ་སྔོན་གྱིས་རང་ངོས་ཀྱི་ལེགས་ཆར་གཞིགས་ནས་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་ལྗང་མདོག་ནུས་རྒྱུ་གསར་པའི་ཐོན་ལས་འཛམ་གླིང་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་བས།“མཚོ་སྔོན་རྟགས་ཅན”གྱི་ཕྱིར་གཏོང་མིང་བྱང་མངོན་གསལ་དོད་པོ་ཞིག་ཆགས་ཡོད།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཚ་རྔ་འགག་ཏུ་ཆུ་འཁྱག་ཉ་ནི་ཤ་རྒྱུ་གཙང་ལ་འཚོ་བཅུད་ཕུན་སུམ་ཚོགས་པས་སྐད་གྲགས་ཆོད་ཡོད།“ཀུང་སིའི་ཉ་གསུམ་གྱི་ལོའི་ཐོན་ཚད་ཏུན་ཁྲི་1.5ལས་བརྒལ་བ་དང་།རང་རྒྱལ་གྱིས་བཟོས་པའི་ཁྲོམ་ར་བཟུང་ཚད་50%ལས་བརྒལ་བ།2025ལོའི་ལོ་སྟོད་དུ་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་142%འཕར་ཡོད”ལུང་དབྱང་ཀྲི་ཞན(མཚོ་སྔོན)མ་རྐང་ཚད་ཡོད་ཀུང་སིའི་སྤུས་ཚད་པུའི་པུའུ་ཀྲང་ཞུའེ་ཤིན་གྱིས་ཞིང་ཆེན་ཚོང་དོན་ཐིང་གིས་སྤུས་རྟགས་ཁས་ལེན་དང་བཟོ་ཁང་སྒྱུར་བཀོད་ནས་ཉེན་ཁ་སྔོན་འགོག་བྱེད་པའི་བར་ཕྱོགས་ཡོངས་ནས་རོགས་སྐྱོར་བྱས་ཏེ་ཐོན་རྫས་སིང་ཀ་ཕོར་དང་།ཐེ་ལན།སི་ཕེན་སོགས་རྒྱལ་ཁབ་ལ་ཕྱིར་གཏོང་བྱ་རྒྱུར་རོགས་རམ་བྱས་ཡོད་ཅེས་བཤད་པ་རེད།

ཚ་རྔ་འགག་གི་ཆུ་གྲང་ཉ་རྒྱ་མཚོར་བསྐྱོད་པའི་གྲུབ་འབྲས་བཟང་པོ་དེ་ནི་སྲིད་ཇུས་ཀྱི་རོགས་སྐྱོར་འོག་མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་ཕྱིར་སྐྱོད་པའི་བསྡུས་རིས་ཤིག་རེད།ཞིང་ཆེན་ཚོང་དོན་ཐིང་གིས་གཙོ་གནད་ཁེ་ལས་ཀྱི་ས་ཚིགས་མཉམ་འབྲེལ་རོགས་སྐྱོར་ལག་བསྟར་བྱས་པ་དང་།ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་གྱི་གྲལ་སྒོར་ཚོགས་འདུ་འཚོགས་ནས་ཕྱིར་གཏོང་ནང་འདྲེན་དངུལ་ཁང་ཧྲའན་ཤིས་ཡན་ལག་དངུལ་ཁང་དང་ཀྲུང་གོ་ཡིད་རྟོན་འགན་བཅོལ་ཧྲའན་ཤིས་ཡན་ལག་ཀུང་སི་སོགས་དང་དངུལ་རྩའི་བརྟན་པོའི་ཕྱི་ཕྱོགས་ཚོང་དོན་ལས་དོན་ཚོགས་ཆུང་བཙུགས་ནས་ཕྱིར་གཏོང་ཁྲལ་སློག་དང་།ལྕགས་ལམ་སྐྱེལ་འདྲེན།མ་དངུལ་བསྡུ་སྒྲིལ་སོགས་ཀྱི་དཀའ་གནད་མཐུན་སྦྱོར་ངང་ཐག་གཅོད་བྱས་པ་རེད།མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་རིང་དངུལ་རྩའི་བརྟན་པོའི་ངང་ཕྱི་ཕྱོགས་ཚོང་དོན་གྱི་མ་དངུལ་བསྡུ་སྒྲིལ་གྱི་དངུལ་བུན་རྣམ་གྲངས་5ལ་གན་རྒྱ་བཞག་པར་མ་དངུལ་སྒོར་ཁྲི་8900ཟིན་ཡོད།ཕྱི་ཕྱོགས་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་བརྒྱ་ལྷག་ཙམ་ལ་ཁྲལ་ཚད་འདྲི་རྩད་དང་།རིན་གོང་སྔོན་དཔགRCEPསྲིད་ཇུས་གསལ་འགྲེལ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་ཕྱིར་གཏོང་ནང་འདྲེན་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད།

བསྡོམས་རྩིས་བྱས་པར་གཞིགས་ན།ལོ་སྟོད་དུ་མཚོ་སྔོན་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྒྱལ་ཁབ་དང་ས་ཁུལ་45བར་ཕྱིར་གཏོང་བྱས་པ་དང་འབྲེལ་ཁེར་གྷི་སི་ཐན་དང་།སོ་ཏི་ཨ་རབ་དང་ཧིན་རྡུ་ཉི་ཞི་ཡ་སོགས་རྒྱལ་ཁབ་12མང་དུ་ཕྱིན་པ་དང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་3.4ཟིན་པ་དེ་དུས་མཚུངས་ལས་56%འཕར་བ་དང་ཕྱིར་གཏོང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།དེའི་ནང་གསེར་ཉ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་1.9ཟིན་ནས་ལྡབ་1.7འཕར་ནས་རྒྱལ་ཡོངས་ཀྱི་སྔོན་དུ་སླེབས་པ་དང་།འདྲེ་ཚེར་མ་ཕྱིར་གཏོང་བྱེད་ཚད་སྒོར་ཁྲི་1477.4ཟིན་ནས་37.8%འཕར་ཡོད།

ས་མཐོའི་རྟགས་བརྒྱབ་པའི་ལྗང་མདོག་ཐོན་རྫས་དང་ཁྱད་ལྡན་ཐོན་ལས་དེ་དག་གིས“མཚོ་སྔོན་རྟགས་ཅན”གྱི་རྒྱལ་སྤྱིའི་མིང་བྱང་གསལ་པོར་ཕྱེ་བ་མ་ཟད།མཚོ་སྔོན་གྱི་སྣོད་བཅུད་ལེགས་ཆ་དང་ཐོན་ཁུངས་ལེགས་ཆ་དེ་དངོས་དངོས་རྗེན་རྗེན་གྱི་སྒོ་དབྱེའི་ལེགས་ཆར་བསྒྱུར་ནས་ཕྱི་ཕྱོགས་ཚོང་དོན་འཕར་རྒྱུར་རྒྱུན་མཐུད་ཀྱི“ལྗང་མདོག་སྒུལ་ནུས”བསྣན་ཡོད་པ་རེད།

ས་ཁོངས་ཀྱིས་མཉམ་དུ་ཤུགས་སྣོན་བརྒྱབ་ནས་སྲིད་ཇུས་ཀྱི་སྲུང་སྐྱེལ་གྱི་མདུན་ལམ་ཡག་པོ་ཡོད་པ།

མཚོ་སྔོན་གྱི་ཕྱི་ཕྱོགས་ཚོང་དོན་མགྱོགས་མྱུར་འཕར་བ་དེ་ས་ཁོངས་མཐུན་སྦྱོར་དང་སྲིད་ཇུས་ཀྱི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད།ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་8ཀྱིས་ཕྱིར་གཏོང་ནང་འདྲེན་གྱི་ལས་སྒོ་ཁྱོན་ཡོངས་ནས་སྤེལ་ཏེ་སྐས་རིམ་བཞིན་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད།ཟི་ལིང་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་28.6ཟིན་པ་དེ་དུས་མཚུངས་ལས་52.8%འཕར་བ་དེས་ཞིང་ཆེན་དེ་ཡོངས་ཀྱི་79.6%བཟུང་བ།མཚོ་ཤར་གྲོང་ཁྱེར་དུ་ཞོག་ཁོག་དང་པད་ཁ་རང་གཉེར་ཕྱིར་གཏོང་མེད་པའི་ཚད་བརྒལ་བྱུང་ནས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་2.6ཟིན་ནས་30.5%འཕར་བ།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་2.2ཟིན་པ་དེ་དུས་མཚུངས་ལས་ལྡབ་1.5འཕར་བ།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་2.4ཟིན་པ་དེ་དུས་མཚུངས་ལས་ལྡབ་1.4འཕར་ཡོད།

ཞིང་ཆེན་ཚོང་དོན་ཐིང་གིས་ཐོན་ལས“ས་ཁུལ་བཞི”ཡི་ངེས་གནས་ལ་གཞི་ཚུགས་ཏེ་གྲོང་ཁྱེར་དང་ཁུལ་ཁག་གིས་ཁྱད་ལྡན་ཕྱི་ཕྱོགས་རྣམ་པའི་ཐོན་ལས(དཔེར་ན་ཟི་ལིང་གི་ནུས་རྒྱུ་གསར་པ་དང་རྒྱུ་ཆ་གསར་པ།མཚོ་ནུབ་ཚྭ་མཚེའུ་རྫས་འགྱུར་བཟོ་ལས)འཕེལ་རྒྱས་གཏོང་རྒྱུར་མཛུབ་ཁྲིད་བྱས་ནས་རང་ཐོན་ཐོན་རྫས་ཕྱིར་གཏོང་བྱེད་ཚད་འཕར་རྒྱུར་སྐུལ་འདེད་བཏང་བ་རེད།དེ་དང་ཆབས་ཅིག“ཕྱི་ཕྱོགས་ཚོང་དོན་སྤུས་ལེགས་ཐོན་རྫས”འདུ་འགོད་ལག་ལེན་བསྟར་ནས་ཕྱི་ཕྱོགས་རྣམ་པའི་ཐོན་ལས་ཆེ་གྲས་བརྒྱད་ལ་དམིགས་ཏེ《མཚོ་སྔོན་གྱི་ཕྱི་ཕྱོགས་ཚོང་དོན་སྤུས་ལེགས་ཐོན་རྫས་དྲིལ་བསྒྲགས་ལག་དེབ》བཟོས་ནས་ས་མཐོའི་ཁྱད་ལྡན་ཐོན་རྫས་སྤུས་རྟགས་ཅན་དང་ཟུར་སྣོན་རིན་ཐང་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

ཞིང་ཆེན་ཚོང་དོན་ཐིང་གིས་གནད་སྨིན་ཇུས་བསྟར་བྱས་ཏེ་སྲིད་ཇུས་ལེགས་སྒྱུར་དང་།གནས་སྦྲེལ་རོགས་སྐྱོར།དངུལ་རྩའི་རྒྱབ་སྐྱོར་སོགས་ཀྱི་བྱེད་ཐབས་བརྒྱུད་ཐོན་ལས“ཕྱིར་སྐྱོད་རྒྱུར”སྐུལ་འདེད་བཏང་ཡོད།ཐོན་ལས་དང་པོའི་ཐད།“གྲང་གཉིས”ཀྱི་ཐོན་རྫས་རྒྱ་མཚོར་བསྐྱོད་པའི་འདེགས་སྐྱོར་མ་ལག་འཛུགས་རྒྱུ།ཐོན་ལས་གཉིས་པའི་ཐད་དྭངས་གཙང་ནུས་རྒྱུ་དང་ཚྭ་མཚེའུ་རྫས་འགྱུར་བཟོ་ལས་ལ་དམིགས་ནས་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལ་རམ་འདེགས་བྱེད་པ།ཐོན་ལས་གསུམ་པའི་ཐད་ལྗང་མདོག་གི་རྩིས་རྒྱག་ནུས་པ་དང་ས་གཤིས་རྩད་ཞིབ་སོགས་ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།ལོ་སྟོད་དུ་ཞབས་ཞུའི་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་ཨ་སྒོར་ཁྲི་6834ཟིན་པ་དེ་དུས་མཚུངས་ལས་49.6%འཕར་བ་དང་།དངུལ་རྩའི་རིགས་མིན་པའི་ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་ཨ་སྒོར་ཁྲི་187བྱས་པ་དེ་དུས་མཚུངས་ལས་306.7%འཕར་ཡོད།

ཞིང་ཆེན་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ལོ་སྨད་དུ་སྣ་མང་ཁྲོམ་ར་རྒྱ་ཆེར་ཤུགས་ཆེན་གཏོང་བ་དང་།ཁེ་ལས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།ཕྱི་ཕྱོགས་ཉོ་ཚོང་གི་ཉེན་ཁའི་སྔོན་བརྡ་གཏིང་ཟབ་ཏུ་གཏོང་བ།གཙོ་གནད་ཐོན་རྫས་ཀྱི་མཁོ་སྤྲོད་སྦྲེལ་ཐག་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་པ།ཚོང་དོན་འཕར་ཚད་གསར་པ་སྔོག་འདོན་གཏིང་ཟབ་བྱེད་པ་སོགས་ལ་གཙོ་གནད་ཐོག་དམིགས་ནས་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་ཕྱི་ཕྱོགས་ཚོང་དོན་ལེགས་སུ་འགྲོ་བའི་རྣམ་པ་བརྟན་དུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

དམངས་གཉེར་ཁེ་ལས་ཀྱི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱེད་པ་ནས“རྒྱུད་གཅིག་ལམ་གཅིག”གི་བགྲོད་ལམ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པའི་བར་དང་།ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་ནས་སྲིད་ཇུས་ཞབས་ཞུའི་གནད་སྨིན་ནུས་ནུས་འཕེལ་བར་མཚོ་སྔོན་གྱི་ཕྱི་ཕྱོགས་ཉོ་ཚོང་གི་སྐོར་བ་ལས་ཐར་བ་དེ་ནི་ས་མཐོའི་དཔལ་འབྱོར་གྱིས“ཁྱད་ཆོས”ལ་བརྟེན་ནས་གནད་དོན་སེལ་བ་དང“སྒོ་དབྱེ”ལ་བརྟེན་ནས་གསོན་ཉམས་ལྡན་པའི་ལག་ལེན་བྱས་ཏེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་རྣམ་པའི་ཁྲོད་བར་མཐོངས་གསར་པ་གཏོད་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།