
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་ཁྲའར་ཧན་ཚྭ་མཚེའུ་བརྒྱུད་དེ་ཚྭ་འདོན་གྲུ་གཟིངས་ཆེ་གྲས་ཀྱིས་མེ་ལོང་ལྟ་བུའི་ཚྭ་ཆུ་དལ་བུར་མདུན་དུ་བསྐྱོད།ལྕགས་ཀྱི་གཏུབ་གཅོད་མགོ་མཚེའུ་ཡི་ཞབས་སུ་མ་འཛུལ་བ་དང་།ཚྭ་རྡོག་ཕྲ་མོ་འཁྱེར་ནས་ཉི་འོད་འོག་ཚོན་མདངས་བདུན་གྱི་འོད་འཁོར་མངོན་པ་དང་།ཅཱ་ལུད་ཐོན་སྐྱེད་ལ་མཁོ་བའི་ཚྭ་རྒྱུ་རྡོ་དེ་གཡེང་སྦུག་བརྒྱུད་ནས་ཐོན་སྐྱེད་འཁོར་ཁང་དུ་འགྲོ་བ་དེ་ཚྭའི་བར་དུ་ལྡིང་བའི་དངུལ་གྱི་སྒལ་ཚིགས་དང་འདྲ།དེ་ནི་ན་གོར་མོའི་ཚྭ་མཚེའུ་ཡི་རྒྱུན་གཏན་ཐོན་སྐྱེད་བྱས་པའི་ཞོགས་པའི་གཟུགས་བརྙན་ཞིག་ཡིན་ལ་ལོ་ངོ་སྟོང་གི་ཚྭ་མཚེའུ་དང་དེང་རབས་བཟོ་ལས་མཉམ་དུ་འཁྲབ་པའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཀྱང་རེད།
ཚྭ་ཞིང་ཁུལ་དུ་སྤྱི་ལེ་ངོས་གྲུ་30ཡོད་པའི་འོད་ཚྭ་སྦྱངས་རྡོའི་རྫིང་བུ་དེ་ཚོན་ཁྲ་ཅན་གྱི་མིག་མངས་སྡེར་མ་ཆེན་པོ་ལྟར་མྱ་ངམ་ཐང་དུ་བཏིང་ཡོད།གར་ཚད་མི་འདྲ་བའི་ཚྭ་ཆུ་དེ་ཉི་འོད་འོག་ཏུ་སྐེ་ཕྱེ་ནས་ཡོ་རོབ་བར་གྱི་རིམ་གྱིས་ཚོན་མདངས་འགྱུར་བ་དང་།རྫིང་བུའི་འགྲམ་དུ་ཆགས་པའི་ཚྭ་ཤེལ་དེ་གཡང་ཊི་ལྟ་བུར་ལྟེབས་པ་རེད།
འཁོར་ཁང་ནང་ནི་རྣམ་པ་གཞན་ཞིག་རེད།ཅཱ་ལུད་ཐོན་སྐྱེད་བྱེད་རིམ་ཐོག“ཆུ་སྔོག་འདོན་གྲུ་གཟིངས”ཀྱིས་བཏོན་པའི་འོད་ཚྭ་སྦྱངས་རྡོ་དེ་གསང་བའི་འཕྲུལ་འཁོར་ནང་འགྲེ་ལོག་རྒྱག་པ་དང་།བདར་ཆགས་ཡོ་ཆས་ཀྱི་གྱང་ངོས་སུ་གངས་དཀར་པོའི་བདར་གཟུགས་མགྱོགས་མྱུར་བཀལ་ཡོད་པ་དེ་དགུན་དུས་ཀྱི་སྒེའུ་ཁུང་གི་ཁྲ་མའི་འཁྱགས་མེ་ཏོག་དང་འདྲ།ནཱ་དམའ་བའི་འཕྲུལ་འཁོར་གྱི་སྒྲ་གྲགས་པ་དང་།ཁིལ་འགྱུར་ཅཱ་བདར་གཟུགས་ཀྱིས་འདྲེན་ཐག་བརྒྱུད་དེ་ཚགས་ཁང་དུ་བརྒྱུད་པ་དང་།འཐབ་འཁོར་གྱིས་ཚགས་དམ་པོར་བཙགས་པ།སྐམ་ཤས་ཆེ་བའི་ཐུམ་སྒྲིལ་བརྒྱུད་ཟོག་རའི་ས་ཁོངས་སུ་དབོར་ནས་འཁོར་རིགས་འགྲོ་འོང་བྱེད་པ་དང་།ས་གནས་ས་ཐོག་ཏུ་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་མངོན།
ས་སྲོས་ཀྱི་མཚམས་སུ་ཐག་རིང་གི་ཚྭ་མཚོའི་ཐོག་གི་ཉི་འོད་མཐའ་མ་དེ་ཚྭ་འདོན་གྲུ་གཟིངས་ཀྱི་དར་ཤིང་བརྒྱུད་དེ་གྲུ་གཟིངས་ཀྱི་གཟུགས་བརྙན་ཧ་ཅང་རིང་པོ་འཐེན་ནས་ཚྭ་ཐང་ཐོག་ཏུ་ཞུན་ཐིགས་ཆགས་བཞིན་པའི་ཚྭ་མེ་ཏོག་དང་མཉམ་དུ་འགུལ་ཞིང་འཚམ་པའི་རི་མོ་ཞིག་གྲུབ་ཡོད།

ཚྭ་སྦྱངས་ཆུ་གཡོ་བཞིན་པའི་ཚྭ་རྫིང་ནས་འཕྲུལ་འཁོར་གྱི་ལྡིར་སྒྲའི་འཁོར་ཁང་བར་དང་།སྲོལ་རྒྱུན་གྱི་ཚྭ་སྔོག་འདོན་ལག་རྩལ་ནས་རིག་ནུས་ཐོན་སྐྱེད་སྒྲུབ་རིམ་བར།ན་གོར་མོའི་ཚྭ་མཚེའུ་ཡི་ཐོན་སྐྱེད་བྱ་ཡུལ་ཚང་མས་ཐོན་ཁུངས་དང་ལག་རྩལ་འཕྲད་པ་དང་རང་བྱུང་དང་བཟོ་ལས་ཀྱི་མཉམ་གནས་བརྗོད་ཀྱི་ཡོད།2025ལོའི་ཅཱ་ཚྭའི་ལུད་ཚོགས་ཆེན་གྱི་གོམ་སྟབས་འཆར་ཉེར་ཡོད་པའི་སྐབས་སུ་ས་གཞི་དེའི་ཐོག་གི་ཚྭ་ཤེལ་ཚང་མ་འཛམ་གླིང་ལ་ཀྲུང་གོའི་ཚྭ་མཚེའུ་ཐོན་ལས་ཀྱི་སྟོབས་ཤུགས་མངོན་པར་བྱེད་པའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཏུ་འགྱུར་རྒྱུ་རེད།
2025ལོའི་ཅཱ་ཚྭའི་ལུད་ཚོགས་ཆེན་དང་ན་གོར་མོའི་ཚྭ་མཚོའི་གླེང་སྟེགས་དེ་ཟླ་7ཚེས་16ནས་ཚེས་18ཉིན་བར་ན་གོར་མོ་གྲོང་ཁྱེར་དུ་འཚོག་རྒྱུ་རེད།ད་ཐེངས་ཀྱི་ཚོགས་ཆེན་ཐོག“ལྗང་མདོག་གསར་གཏོད་ཀྱི་གྲངས་རིག་དང་བློ་གྲོས་ཀྱིས་འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་རྟེན་གཞི་མཉམ་དུ་སྐྲུན་རྒྱུ”བརྗོད་དོན་གཙོ་བོར་བྱས་ནས་ཚྭ་མཚེའུ་ཐོན་ལས་ཀྱིས་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་།ཚད་གཞི་བཟོ་བ།ཁྲོམ་ར་རྒྱ་སྐྱེད་སོགས་ཐད་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་གཉིས་ཕན་གྱི་རྣམ་པ་ཞིག་གཏོད་རྒྱུ་རེད།
ཅ་ལུད་དེ“འབྲུ་རིགས་ཀྱི་འབྲུ་རིགས”ཡིན་པའི་ངོས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།ཉེ་བའི་ལོ་གཉིས་རིང་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་རྙོག་འཛིང་ཆེ་བའི་མདུན་དུ་རང་རྒྱལ་གྱི་ཅཱ་ལུད་ལས་རིགས་ཀྱིས་རྒྱལ་ནང་གི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བ་བྱ་རྒྱུ་དེ་རང་འགན་དུ་བརྩིས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཚྭ་མཚེའུ་ཚན་རྩལ་གསར་གཏོད་དང་ཅཱ་ལུད་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད།ན་གོར་མོ་ནི་རང་རྒྱལ་གྱི་ཚྭ་མཚེའུ་ཐོན་ལས་ཀྱི་ལྟེ་བའི་གྲོང་རྡལ་གལ་ཆེན་ཞིག་ཡིན་པའི་ངོས་ནས་འཕེལ་རིམ་དེའི་ཁྲོད་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེན་པོ་མངོན་ཡོད།མིག་སྔར་ན་གོར་མོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཅ་ལུད་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་བསྐྲུན་ནས་ལོ་རེར་ཐོན་ནུས་ཏུན་ཁྲི་800ཟིན་པ་དེས་རྒྱལ་ཡོངས་ཀྱི་ཅ་ལུད་ཐོན་འབོར་བསྡོམས་འབོར་གྱི་70%ཡན་བཟུང་ཡོད།ཁྲའར་ཧན་ཚྭ་མཚེའུ་ཡི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལེགས་ཆར་བརྟེན་ནས་ན་གོར་མོ་གྲོང་ཁྱེར་དུ་ཅཱ་ཚྭ་སྔོག་འདོན་ནས་ཅ་ལུད་ལས་སྣོན་ཞིབ་ཚགས་བར་གྱི་ཐོན་ལས་སྦྲེལ་ཐག་ཆ་ཚང་ཞིག་ཆགས་ཡོད་པ་དང་།2024ལོའི་ཚྭ་མཚོའི་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་305ལས་བརྒལ་ནས་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་ཉིང་རྡུལ་གྱི་སྒུལ་ཤུགས་བསྣན་ཡོད་པ་རེད།
མཚོ་སྔོན་ཚྭ་འདམ་གཤོངས་སའི་ལྟེ་བའི་ཁུལ་དུ་ན་གོར་མོ་ནི་མུ་ཏིག་དང་འདྲ་བར་ཐུན་མོང་མ་ཡིན་པའི་ཚྭ་མཚོའི་ཐོན་ཁུངས་ལ་བརྟེན་ནས་བརྗིད་ཆགས་ཉམས་ལྡན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་རོལ་དབྱངས་ཤིག་དཀྲོལ་ཡོད།ཉེ་བའི་ལོ་ཤས་རིང་ཚྭ་མཚེའུ་ཡི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས་ན་གོར་མོའི་ཚྭ་མཚེའུ་ཐོན་ལས་དེ་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པས་དེའི་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་ཞིབ་ཚགས་བྱེད་རིན་ཡོད་པ་ཞིག་རེད།
ཁྲའར་ཧན་ཚྭ་མཚེའུ་ཡི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་5856ཟིན་པ་དང་ཚྭའི་ཐོན་ཁུངས་ཀྱི་སྤྱིའི་གསོག་ཚད་ཏུན་དུང་ཕྱུར་600ཟིན་པ་དེས་རྒྱལ་ཡོངས་ཀྱི་ཚྭ་མཚེའུ་ཐོན་ཁུངས་བསྡོམས་འབོར་གྱི་གསུམ་ཆ་གཅིག་ཙམ་བཟུང་བ་དེ་ནི་ན་གོར་མོའི་ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་འགྲོ་བའི་རྨང་རྡོ་ལྟ་བུ་ཞིག་རེད།ཚྭ་མཚེའུ་གསར་སྤེལ་བྱེད་པའི་གདོང་ལེན་པའི་ངོས་ནས་ཅཱ་ཐོན་ཁུངས་ཀྱིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་འགན་འཁྲི་ལྕི་པོ་འཁུར་བཞིན་ཡོད།

ཚྭ་མཚེའུ་ཐོན་ཁུངས་གསར་སྤེལ་བྱ་རྒྱུ་དེ་ཅཱ་ལུད་ཁྱབ་ཁོངས་ཁོ་ན་མིན་པར་སྣ་མང་ཅན་དང་ཞིབ་ཚགས་ཅན་གྱི་ཕྱོགས་སུ་གོམ་སྟབས་ཆེན་པོས་སྐྱོད་བཞིན་ཡོད།ལིས་ནི་ནུས་རྒྱུ་གསར་པའི་དུས་རབས་ཀྱི“རྡོ་སྣུམ་དཀར་པོ”ཡིན་པའི་ངོས་ནས་ན་གོར་མོའི་ཚྭ་མཚེའུ་ཐོན་ལས་ཀྱི་ཁྱབ་ཁོངས་ནང་ཉིན་བཞིན་གལ་ཆེའི་གནས་བབ་བཟུང་ཡོད།ཁྲའར་ཧན་ཚྭ་མཚེའུ་ཡི་ལིས་ཚྭ་གསོག་ཚད་ཏུན་ཁྲི་1204ཟིན་པ་དང་།མཱེ་མཐོ་བའི་ལིས་ལས་འཛམ་གླིང་རིམ་པའི་དཀའ་གནད་དེར་དམིགས་ནས་ས་གནས་དེ་གའི་ཁེ་ལས་ཀྱིས་འཚོལ་ཞིབ་ཧུར་ཐག་བྱས་པར་བརྟེན་ལན་ཁོའོ་ལིས་ལས་རིགས་ཀྱི་དཀའ་གནད་གྲུབ་འབྲས་ཐོབ་པའི་ངང་སྒྲོལ་བ་དང་།མ་ལག་རང་བཞིན་གྱི་ལེགས་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱས་རྗེས་འབྱུང་འགྱུར་ལིས་ཚུར་བསྡུ་བྱེད་ཚད་དེ་70%ཡན་བར་མཐོ་རུ་འགྲོ་རྒྱུ་རེད།ཐོན་སྐྱེད་བྱེད་རིང་ལྗང་མདོག་གི་འདུ་ཤེས་མཐའ་འཁྱོངས་བྱས་ནས་ཚྭ་སྦྱངས་ཆུ་འཁོར་རྒྱུག་བེད་སྤྱོད་བྱས་ཏེ་འབུད་གཏོང་མེད་པ་མངོན་འགྱུར་བྱུང་ཡོད།
ད་ཆ་ན་གོར་མོར་ཐཱན་སྐྱུར་ལིས་ཏུན་ཁྲི་11.6དང་།ལྕགས་རིགས་ལིས་ཏུན་1500ཝན་གཞི་ལིས་ཏུན་3100བཅས་ཀྱི་ཐོན་སྐྱེད་ནུས་པ་ལྡན་པ་དང་།ལིས་གློག་ཐོན་ལས་ཀྱི་སྟོད་སྨད་མགྱོགས་མྱུར་གཅིག་སྡུད་བྱེད་བཞིན་ཡོད་པས་འཛམ་གླིང་རིམ་པའི་ལིས་ཐོན་ལས་རྟེན་གཞི་གཏོད་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་བཞིན་ཡོད་པ་རེད།
མཱེ་དང་།ནཱ།ཚ་ལ་སོགས་ཀྱི་ཐོན་ཁུངས་ཀྱང་དུས་མཉམ་དུ་གསར་སྤེལ་དང་བེད་སྤྱོད་བྱེད་བཞིན་ཡོད།མཱེ་ཐོན་ལས་ཐད་ལག་རྩལ་སྒྱུར་བཀོད་བྱས་པ་བརྒྱུད་ལྕགས་རིགས་མཱེ་ཏུན་ཁྲི་10གཞི་གཅིག་ཅན་གྱི་རྣམ་གྲངས་ལ་སྐུལ་འདེད་བཏང་ནས“སྐེ་འགག”གི་ལག་རྩལ་ཚད་བརྒལ་བྱས་ཏེ་ལྕགས་རིགས་མཱེ་ནས་མཱེ་བསྲེས་ལྕགས་ཀྱི་རྒྱུ་ཆ་དང་མཱེ་རྨང་གི་མེ་ཐུབ་རྒྱུ་ཆ་སོགས་ཀྱི་ཐོན་ལས་འཁོར་འབྲེལ་ཆ་ཚང་ཞིག་བསྐྲུན་རྒྱུ་རེད།ནཱ་ཐོན་ལས་ནི་བུལ་ཏོག་གཙང་མ་དང་བུལ་ཏོག་བསྲེགས་རྒྱུ་རྨང་གཞིར་བྱས་ནས་བཟའ་བྱའི་བུལ་ཏོག་དང་།འོད་ཤུགས་ཤེལ་སྒོ།རུལ་འགོག་རྫས་སོགས་སྨད་རྒྱུད་ཁྱབ་ཁོངས་སུ་སྣུར་སྲིང་བྱས་ཏེ་ཐོན་རྫས་ཀྱི་སྣ་ཁ་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་རྒྱུ་རེད།
ཚན་རྩལ་གསར་གཏོད་ནི་ན་གོར་མོའི་ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་འགྲོ་བའི་གཤོག་པ་ལྟ་བུ་ཞིག་ཡིན་པ་དང་མིག་སྔར་ན་གོར་མོ་གྲོང་ཁྱེར་གྱིས“རྒྱལ་ཁབ་རིམ་པ—ཞིང་ཆེན་རིམ་པ—གྲོང་ཁྱེར་རིམ་པའི”རིམ་གསུམ་ཚན་ཞིབ་ལས་སྟེགས་མ་ལག་ཅིག་བསྐྲུན་པ་དང་།རྒྱལ་ཁབ་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས་1དང་།ཞིང་ཆེན་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས་7ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང་2སོགས་གསར་གཏོད་གཞི་རྟེན་20ལྷག་ཙམ་བསྐྲུན་ཡོད་པ་དང་།རིམ་རྩིས་བྱས་ན་ཁེ་བེད་བདག་ཐོབ་933རེ་ཞུ་བྱས་པ་དང་ཞིང་ཆེན་རིམ་པའི་ཚན་རྩལ་གྲུབ་འབྲས་84ཐོ་འགོད་བྱས་ཡོད་པ་རེདཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་དམ་ཟབ་ཡོད་པ་དང་།ཚྭ་མཚེའུ་མ་རྐང་དང་ཀྲུང་ཤིན་གོ་ཨན་སོགས་ཁེ་ལས་ཀྱིས་རྒྱལ་ནང་གི་གྲགས་ཅན་མཐོ་སློབ་དང་ཚན་ཞིབ་ཁང་དང་ལག་གདང་སྦྲེལ་ནས“ཚྭ་འདམ་ཚྭ་མཚེའུ་ཡི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་འགག་རྩའི་ལག་རྩལ་ཞིབ་འཇུག་དང་གསར་སྤེལ”སོགས་ཀྱི་དཀའ་གནད་རབ་དང་རིམ་པ་བསལ་ནས་གྲུབ་འབྲས་ཐོན་སྐྱེད་ལག་ལེན་ཁྲོད་རྒྱ་ཁྱབ་ངང་སྤྱད་དེ་དངོས་དངོས་རྗེན་རྗེན་གྱི་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་བ་བྱས་ཡོད།

2025ལོའི་ཅཱ་ཚྭའི་ལུད་ཚོགས་ཆེན་དང་ན་གོར་མོའི་ཚྭ་མཚེའུ་གླེང་སྟེགས་འཆར་ཉེར་ཡོད་པ་དང་བསྟུན་ནས་ན་གོར་མོ་སླར་ཡང་ཚྭ་མཚེའུ་ཐོན་ལས་འཕེལ་རྒྱས་ཀྱི་གློག་སྒྲོན་འོག་ལངས་ཡོད།ད་ཐེངས་ཀྱི་ཚོགས་ཆེན་ཐོག་གོ་ལ་ཧྲིལ་པོའི་མིག་རྒྱང་གཅིག་ཏུ་བསྡུས་ནས་ན་གོར་མོར་ལག་རྩལ་སྤེལ་རེས་དང་ཐོན་ལས་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱས་ཏེ་འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་རྟེན་གཞི་གཏོད་པའི་ལམ་བུའི་ཐོག་མགྱོགས་མྱུར་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས་དེ་བས་འོད་སྟོང་འཕྲོ་བའི་ལེའུ་མུ་མཐུད་རྩོམ་རྒྱུ་རེད།