ལོ་ངོ16གི་རིང་ལ་དག་གཙང་གི་ས་གཞི་སྲུང་བ།
—“རྒྱལ་ཡོངས་ཀྱི་སྐྱེ་ཁམས་ནགས་སྲུང་པ་ལེགས་ཤོས་བཅུ”ཡི་བྱ་དགའ་ཐོབ་མཁན་ནོར་བུ་དོན་གྲུབ་ཀྱི་གནས་ཚུལ་བཀོད་པ།

ཐོག་མའི་བསམ་འདུན་བརྟན་སྲུང་བྱས་པ།
ནོར་བུ་དོན་གྲུབ་ཀྱིས་ཆུང་དུས་ནས་ཨ་ཆེན་གངས་རྒྱབ་ཀྱི་གཏམ་རྒྱུད་ཐོས་མྱོང་ལ།ལྐོག་གྱུར་དང་མཛེས་སྡུག་ལྡན་པའི་ས་ཆ་དེར་ཡིད་སྨོན་སྐྱེས་མྱོང་། ནར་སོན་རྗེས། ཁོས་ལྷག་བསམ་ཟོལ་མེད་ཀྱི་སེམས་པ་བཅངས་ནས་ཨ་ཆེན་གངས་རྒྱབ་ཏུ་བསྐྱོད་པ་དང་དམར་ཆུ་སྲུང་སྐྱོབ་ས་ཚིགས་ཀྱི་སྐྱེ་ཁམས་ནགས་སྲུང་པ་ཞིག་ཏུ་གྱུར། “གཙོད་ཀྱི་སྲུང་སྐྱོབ་པ་ཞིག་དང་། མིང་དོན་གཉིས་ལྡན་གྱི་ཨ་ཆེན་གངས་རྒྱབ་ཀྱི་མི་ཞིག་ཏུ་གྱུར་པ་དེ་ང་རང་གིས་གཟི་བརྗིད་ཅིག་ཏུ་རློམ་ཡོད”ཅེས་ནོར་བུ་དོན་གྲུབ་ཀྱིས་དེ་ལྟར་བཤད།
དམར་ཆུ་སྲུང་སྐྱོབ་ས་ཚིགས་སུ་ཐོག་མར་སླེབས་སྐབས། དཀའ་ཚེགས་ཆེ་བའི་ཆ་རྐྱེན་ནི་ནོར་བུ་དོན་གྲུབ་ཀྱི་བློ་ཡུལ་ལས་འགོངས་ཡོད་དེ། གློག་སྤྱོད་ན་ཉི་ནུས་ལ་བརྟེན་དགོས་པ་དང་།དྲོད་ལེན་པར་མེ་ཐབ་ལ་བརྟེན་པ།འཚོ་བའི་ཆུ་སྤྱི་ལེ་འགའི་ཕྱི་རོལ་ཏུ་སོང་ནས་ལེན་དགོས་པ་དང་།ལྷག་པར་དགུན་དུས་སུ་གྲང་རླུང་རུས་པར་ཟུག་ཅིང་ཁ་བས་མནར་གཅོད་གཏོང་། ཆེས་བཟོད་དཀའ་བ་ནི་ཁེར་རྐྱང་ཡིན་པ་སྟེ།རུ་མི་རྒན་གྲས་ཕྱི་ལ་སྐོར་གཡེང་བྱེད་སྐབས།སྲུང་སྐྱོབ་ས་ཚིགས་སུ་ཁོ་གཅིག་པུ་ལས་ལྷག་མེད་པ་དེ་རེད།
ནམ་མཁའ་དང་སྤྲིན་དཀར་གྱི་འོག་ཏུ་རི་སྐྱེས་སྲོག་ཆགས་གཙོད་དང་རྐྱང་། དགོ་སྐྱ་སོགས་རང་མོས་ངང་བང་གིས་རྒྱུག་བཞིན་པ་མཐོང་བས།དེ་ནི་རུ་མི་དང་མཉམ་དུ་ལོ་མང་པོའི་རིང་བརྟན་སྲུང་བྱས་པའི་དྲིན་ཡིན་པ་ཁོས་གསལ་པོར་ཤེས་ཡོད།
ད་ལྟ། ནོར་བུ་དོན་གྲུབ་ནི་ལོ་དེའི་ལོ་གཞོན་གྱི་ལས་མི་གསར་པ་ཞིག་ནས་ཉམས་མྱོང་ཕུན་སུམ་ཚོགས་པའི་རུ་མི་རྒན་གྲས་སུ་གྱུར་ཡོད་པར་མ་ཟད།དམར་ཆུ་སྲུང་སྐྱོབ་ས་ཚིགས་ཀྱི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད། ཁོ་ཚོའི་ཐུན་མོང་སྲུང་སྐྱོབ་འོག2009ལོ་ནས་ད་བར་ཨ་ཆེན་གངས་རྒྱབ་ཏུ་རི་དྭགས་ལྐོག་རྔོན་གྱི་བོའུ་སྐད་གཅིག་ཀྱང་མ་གྲག་ལ། གཙོད་ཀྱི་གྲངས་འབོར་ཁྲི7ལྷག་བར་སླར་གསོ་བྱུང་།
སྐོར་སྲུང་སྐོར་ཞིབ་ཀྱི་འགན་འཁྲི་བསྒྲུབས་པ།
ལོ་ངོ16གི་རིང་ལ། ནོར་བུ་དོན་གྲུབ་ཀྱི་རྐང་རྗེས་ཨ་ཆེན་གངས་རྒྱབ་ཀྱི་ས་གཞི་སྤྱི་ལེ་གྲུ་བཞི་མ་ཁྲི4.5ཡི་གང་སར་བཞག་ཡོད་པ་དང་། དམར་ཆུ་སྲུང་སྐྱོབ་ས་ཚིགས་ཁོངས་གཏོགས་ཁུལ་གྱི་སྤྱི་ལེ་གྲུ་བཞི་མ་ཁྲི1.3ཡོད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་སྲུང་སྐྱོབ་བྱས། ཁོ་སྐོར་སྲུང་བྱ་སྤྱོད་སྣ་ཚོགས་ཐེངས200ལྷག་གི་ནང་ཞུགས་པ་དང་འགྲུལ་བཞུད་སྤྱི་ལེ་ཁྲི20ལྷག་བྱས་པས་ཨ་ཆེན་གངས་རྒྱབ་ཀྱི“ས་ཁྲ་གསོན་པོ”ཞེས་འབོད་ཅིང་།ཁྲིམས་འགལ་གྱིས་རྐུ་སྔོག་དང་།ལྐོག་རྔོན།ཁྲིམས་འགལ་གྱིས་ས་ཁོངས་བརྒལ་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་འགོག་པའི་ཁྲོད་ཞུགས་པའི་གྲངས་ཀ་ནི་བགྲང་གིས་མི་ལང་།
ཨ་ཆེན་གངས་རྒྱབ་ཀྱི་ཆ་སྙོམས་མཚོ་འཕགས་སྨི4600ཡིན་པ་དང་།གནམ་གཤིས་རྩུབ་ལ་འགྲིམ་འགྲུལ་སྟབས་བདེ་མིན། དེ་འདྲ་ཞིག་ཡིན་ནའང་ནོར་བུ་དོན་གྲུབ་དང་རུ་མི་རྣམས་ཀྱིས་སྔར་བཞིན་ནངས་སྔ་སྐྱོད་དགོང་འཕྱི་ལོག་གིས་སྐོར་སྲུང་བྱས་ཏེ།དབྱང་རླུང་མི་འདང་བ་དང་།ལྟོགས་པ།ཐང་ཆད་པ་བཅས་ཀྱི་དཀའ་སྡུག་ཁྱད་དུ་བསད་ནས་ཐལ་དྲགས་པའི་ཁོར་ཡུག་ཁྲོད་སྐོར་སྲུང་ལས་འགན་ལེགས་འགྲུབ་བྱས།
དཀའ་སྡུག་ལ་འཕྲད་དུས་གདོང་མཆོང་བྱས་པ།
དབྱར་ཁའི་ཆེད་དོན་རི་སྐོར་སྐབས་སུ། ནོར་བུ་དོན་གྲུབ་དང་གཙོ་ཤུགས་རི་སྐོར་རུ་མི་རྣམས་ཨ་ཆེན་གངས་རྒྱབ་ཀྱི་དབུས་ཁུལ་དུ་སླེབས་མ་ཐག་ན་འདམ་དུ་ལྷུང་། ཁོ་ཚོས་འགྲོ་ཞོར་དང་རྐོ་ཞོར་བྱས་ཏེ། དགོང་མོའི་ཆུ་ཚོད8པའི་སྐབས་སུ་སྒར་རྒྱག་རྩིས་བྱེད་སྐབས། ད་གཟོད་སྨི་བཅུ་ཕྲག་ཁ་ཤས་ལས་སོང་མེད་པ་ཤེས། ཡང་ཐེངས་ཤིག་ལ་རི་བོར་སྐོར་སྐྱོད་བྱེད་པའི་ལམ་དུ་གློ་བུར་ཁ་བ་བབས་པ་དང་དྲོད་ཚད་ཆག་པ།དེའི་ཁར་ན་འདམ་དང་འདམ་རུལ་སོགས་ཀྱི་རྐྱེན་གྱིས་རླངས་འཁོར་འདམ་དུ་བྱིང་བས། མདུན་དུ་སྐྱོད་པར་དཀའ་ཚེགས་ཧ་ཅང་ཆེ། རི་བོ་མགོ་ལོ་ནས་ཚན་ཞིབ་མཚེའུ་བར་གྱི་སྤྱི་ལེ20ཡི་ལམ་ཐག་ཏུ་ཉིན་གསུམ་གྱི་རིང་ལ་སོང་། ནོར་བུ་དོན་གྲུབ་དང་རི་སྐོར་རུ་མི6གིས་དཀའ་ངལ་མང་པོ་ཁྱད་དུ་བསད་དེ། རི་བོར་སྐོར་ཞིབ་བྱེད་པའི་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱུང་། དེའི་རིང་རུ་མི་ཞིག་ལ་རྫ་དུག་ཕོག་བྱུང་། ནོར་བུ་དོན་གྲུབ་ཀྱིས་རང་ཉིད་ཀྱི་དཀའ་ངལ་ཁྱད་དུ་བསད་ནས། ལུས་ཕུང་མི་བདེ་བའི་རུ་མི་ལ་ངལ་གསོ་བྱེད་དུ་བཅུག་པ་དང་། ཁོ་རང་ཉིད་ཀྱིས་རླངས་འཁོར་མྱུར་དུ་ཞིག་གསོ་བྱེད་པ་དང་ཟས་རིགས་བགོ་བཤའ་བྱས་ཏེ།བློ་བརྟན་འགྱུར་མེད་དང་འགན་འཁྲིའི་བསམ་པར་བརྟེན་ནས་དཔུང་སྡེའི“གཙོ་སྙིང”ལས་འགན་ཕྲག་ཏུ་ཁུར། མཐར་རོགས་སྐྱོབ་རུ་ཁག་གི་རོགས་རམ་འོག་ཁོ་ཚོ་བདེ་འཇགས་ངང་ཉེན་ཁའི་གནས་ལས་ཐར།
ཉེན་ཁའི་གནས་ཚུལ་དེ་དག་གི་མདུན་དུ། ནོར་བུ་དོན་གྲུབ་ཀྱིས་ཕྱིར་བཤོལ་གཏན་ནས་མ་བྱས་ལ།ཁྱིམ་མིར་རང་ཉིད་ཉེན་ཁ་དང་འཕྲད་ཡོད་པ་ཡང་བཤད་མེད། ཁྱིམ་མིས་འདྲི་རྩད་བྱེད་སྐབས། ཁོས་གཙོད་དང་མཉམ་དུ་ཡོད་པའི་འདྲ་པར་འགའ་བསྐུར་ནས་ཁོའི་ཡོད་ཚད་བདེ་བླག་ཡིན་པ་ཁྱིམ་མིར་ཤེས་སུ་བཅུག ཨ་ཕས་ཁོས་རི་ལ་སྐོར་ཞིབ་བྱེད་སྐབས་ཀྱི་འདྲ་པར་མཐོང་སྐབས་སེམས་སྡུག་ནས་མིག་ཆུ་བཞུར་མོད།འོན་ཀྱང་ནོར་བུ་དོན་གྲུབ་ཀྱིས་བག་ལྷོད་ངང་བཤད་རྒྱུར།“ཨ་ཕས་རང་གི་བུ་ལ་དཀའ་ཚེགས་ཆེ་བའི་ཆ་རྐྱེན་འདི་འདྲའི་འོག་ལས་ཀ་བྱེད་དུ་འཇུག་འདོད་མེད་མོད། འོན་ཀྱང་ང་ས་ཆ་འདིར་བརྩེ་བ་ཆགས་ཏེ་འབྲལ་མི་འདོད།”

ཐོག་མར་བྱ་བར་ཞུགས་སྐབས། ཡུལ་སྐོར་པ་ཚོས་ནོར་བུ་དོན་གྲུབ་མཐོང་སྐབས“གཙོད་གང་དུ་ཡོད།དེ་ཡི་གཟུགས་དབྱིབས་ཅི་འདྲ་རེད”ཅེས་འདྲི་ལ། ཁོས་གཙོད་ཀྱི་འདྲ་པར་བླངས་ནས་ཁོ་ཚོར་སྟོན་རྒྱུ་ལས་ཐབས་མེད། ད་ལྟ་སྔོན་དང་མི་འདྲ་སྟེ། རྒྱལ་ལམ109ཡི་ལམ་རྒྱུད་དུ་གཙོད་མཐོང་བ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད།
ད་ལྟ།ནོར་བུ་དོན་གྲུབ་དང་རུ་གྲོགས་ཀྱིས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་པར་བརྟེན།ཨ་ཆེན་གངས་རྒྱབ་ནི་མིང་དོན་མཚུངས་པའི“སྲོག་ཆགས་ཀྱི་རྒྱལ་ཁམས”སུ་གྱུར་ཏེ།གཙོད་ཀྱིས་མཚོན་པའི་རི་སྐྱེས་སྲོག་ཆགས་རྣམས་དེ་གར་སྐྱེ་འཕེལ་དང་འཚོ་གནས་བྱེད་བཞིན་ཡོད། མཚོ་བོད་གཞུང་ལམ་གྱི་འགྲམ་རྒྱུད་དུ་གཙོད་ཀྱིས་གཟན་འཚོལ་བ་དང་རྩེ་དགར་རོལ་བའི་རྣམ་པ་དེ་དུས་དང་རྣམ་པ་ཀུན་ཏུ་མཐོང་ཐུབ་པས།དེ་ནི་མཚོ་བོད་ལམ་ཐིག་སྟེང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད།
ཨ་ཆེན་གངས་རྒྱབ་ཀྱི་སྤྱི་ལེ་གྲུ་བཞི་མ་ཁྲི4.5ཡོད་པའི་མི་མེད་ལུང་སྟོང་གིས་ནོར་བུ་དོན་གྲུབ་ཀྱི་དཀའ་སྡུག་དང་སྤྲོ་སྣང་བདེན་དཔང་བྱེད་བཞིན་ཡོད། ལོ་ངོ16གི་རིང་ལ་ཁོས་ཐོག་མའི་བསམ་འདུན་མི་བརྗེད་པར་བློ་བརྟན་འགྱུར་མེད་དང་འགན་འཁྲི་བརྟན་སྲུང་བྱེད་པའི་ཆོད་སེམས་བཅངས་ནས་སྐྱེ་ཁམས་སྲུང་སྐྱོང་བྱ་བའི་ཁྲོད་ཞུགས་པ་དང་།ལང་ཚོ་སྟོང་ཟད་དུ་མི་གཏོང་བའི་འགན་འཁྲི་དང་ཁག་ཁུར་ལ་བརྟེན་ནས། ལས་འགན་གཙང་སྒྲུབ་ཀྱིས་ཆེས་མཛེས་སྡུག་ལྡན་པའི་ལང་ཚོ་ཨ་ཆེན་གངས་རྒྱབ་ཏུ་ཕུལ་ནས་མི་ཡུལ་གྱི་དག་ཞིང་དེར་ལྟ་སྲུང་བྱེད་བཞིན་ཡོད། །