མཚོ་སྔོན་གྱི་འཁྱགས་རོམ་རྒྱ་ཁྱོན་གྱིས་མཚོ་བོད་མཐོ་སྒང་གི་འཁྱགས་རོམ་སྤྱིའི་རྒྱ་ཁྱོན་གྱི15.3%ཟིན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཀྲུང་གོའི་གསར་འགྱུར་དྲ་བའི་འཕྲིན། ཟླ10ཚེས21ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཚན་རིག་ཞིབ་འཇུག་ཁང་ནས་རྒྱུས་ལོན་པ་ལྟར་ན།  ཞིབ་འཇུག་ཁང་དེས2012ལོ་ནས2024ལོའི་བར་དུ་མདོ་ལ་རི་བོ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སོགས་མཚོ་སྔོན་ས་ཁུལ་དུ་ཡོད་པའི་དཔེ་མཚོན་ཅན་གྱི་འཁྱགས་རོམ་གྱི་རྒྱ་ཁྱོན་དང་བསགས་འབོར་གཞི་གྲངས་ཕྱོགས་བསྡུས་བྱས།     མཚོ་བོད་མཐོ་སྒང་གི་འཁྱགས་རོམ་ནི་གླིང་ཆེན་ཨེ་ཤ་ཡའི་ཆུ་མཛོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས་དེའི་འཕེལ་འགྱུར་གྱིས་ས་གནས་དེའི་མིའི་རིགས་ཀྱི་འཚོ་གནས་དང་སྤྱི་ཚོགས་གཏན་འཇགས་གོང་སྤེལ་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ཀྱི་ཡོད། དེ་བཞིན་དུ་མཚོ་སྔོན་ཞིང་ཆེན་གྱི་འཁྱགས་རོམ་རྒྱ་ཁྱོན་གྱིས་མཚོ་བོད་མཐོ་སྒང་གི་སྤྱིའི་འཁྱགས་རོམ་རྒྱ་ཁྱོན་གྱི15.3%ཟིན་ནས་རང་ཞིང་གི་ཆུའི་ཐོན་ཁུངས་ཀྱི་གསོག་ཉར་གལ་ཆེན་ཞིག་ཏུ་གྱུར་ཡོད།


སྐུ་ལྷ་དར་མདོང་གི་འཁྱགས་རོམ་དང་གངས་དཀར་རྩེ་ལྷ་སྤུན་གསུམ།   

ཞིབ་འཇུག་གི་མཇུག་འབྲས་ལ་བལྟས་ཡོང་ན། 2012ལོ་ནས2024ལོའི་བར་དུ།  ཞིབ་འཇུག་ཁུལ་གྱི་འཁྱགས་རོམ་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཇེ་ཆུང་དུ་ཕྱིན།  དེ་ལས་སྐུ་ལྷ་དར་མདོང་གི་འཁྱགས་རོམ་རྒྱ་ཁྱོན་གྱི་འགྱུར་ལྡོག་ཧ་ཅང་མངོན་གསལ་ཡིན་ཏེ། རིམ་རྩིས་བྱས་ན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ16.62ཇེ་ཆུང་དུ་ཕྱིན་ཡོད་པ་དང་།     གངས་དཀར་རྩེ་ལྷ་སྤུན་གསུམ་གྱི་འཁྱགས་རོམ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ15.40ཇེ་ཆུང་དུ་ཕྱིན་ཡོད་པ་རེད། ཨ་མྱེས་རྨ་ཆེན་དང་བར་དམ་གངས་དཀར་གྱི་འཁྱགས་རོམ་ཡང་ཇེ་ཆུང་དུ་སོང་ཡོད་ཀྱང་གོང་གི་འཁྱགས་རོམ་གཉིས་དང་བསྡུར་ན་གཞི་ཁྱོན་དེ་འདྲའི་ཆེ་རྒྱུ་མེད།

ཨ་མྱེས་རྨ་ཆེན་གྱི་འཁྱགས་རོམ་དང་བར་དམ་གངས་དཀར་གྱི་འཁྱགས་རོམ། 

མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཞིབ་འཇུག་ཁང་གི་བཟོ་སྐྲུན་པ་ཀྲའོ་ཐུང་གིས་འདི་སྐད། མཚོ་སྔོན་ས་ཁུལ་གྱི་འཁྱགས་རོམ་ལ་དུས་ཡུན་རིང་བོར་འགྱུར་ལྡོག་བྱུང་བའི་ཁྱད་ཆོས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱ་ཆེད། Landsatཡི་རྒྱང་ཚོར་བརྙན་གཟུགས་གཞི་བྱས་ཚན་རྩལ་གྱི་བྱེད་ཐབས་སྤྱད་དེ། མཚོ་སྔོན་ས་ཁུལ་གྱི་དཔེ་མཚོན་ལྡན་པའི་འཁྱགས་རོམ་གྱི་རྒྱ་ཁྱོན་དང་བསགས་འབོར་གྱི་གཞི་གྲངས་ཚོགས་ཕྱོགས་གཅིག་ཏུ་བསྡུས་པ་ཡིན་ཟེར།  

ཀྲའོ་ཐུང་གི་འདི་སྐད།  སྲོལ་རྒྱུན་གྱི་ཞིབ་འཇུག་བྱེད་ཐབས་དང་བསྡུར་ན།  ཐེངས་འདིའི་ཞིབ་འཇུག་བྱེད་ཐབས་ཀྱིས་སྔོན་ཆད་ཀྱི་ལོ་ལྔ་རེ་དང་ཡང་ན་བཅུ་རེ་དུས་སྐབས་གཅིག་ཏུ་ཕྱེས་པ་དེ་ལོ་གསུམ་རེ་དུས་སྐབས་གཅིག་ཏུ་ཕྱེས་ཏེ། འཁྱགས་རོམ་གྱི་འཕེལ་འགྱུར་ལ་ལྟ་ཞིབ་ཚད་ལེན་དང་གནམ་གཤིས་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་པར་ཡང་དག་པའི་གཞི་གྲངས་ཀྱི་རྒྱབ་རྟེན་མཁོ་འདོན་བྱས་ཡོད་ཟེར།

མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཚན་རིག་ཞིབ་འཇུག་ཁང་གི་མགོ་བ་ལི་ཞའོ་ཏུང་གིས་འདི་སྐད།  གཞི་གྲངས་ཕྱོགས་བསྡུས་དེར་དབྱེ་འབྱེད་ཀྱི་ཚད་མཐོ་ཞིང་།  ས་གཤིས་གནས་སྟངས་ཀྱི་རིམ་པ་མཐོ་བ། དུས་ཡུན་རིང་བོར་གོ་རིམ་མ་འཁྲུལ་བ་བསྒྲིགས་པ་སོགས་ཀྱི་ཁྱད་ཆོས་ལྡན་པས། མཚོ་སྔོན་ས་ཁུལ་གྱི་འཁྱགས་རོམ་གྱི་འཕེལ་འགྱུར་ལ་ལྟ་ཞིབ་ཚད་ལེན་དང་།  གནམ་གཤིས་འགྱུར་ལྡོག་དང་ལེན་ལ་དབྱེ་ཞིབ།  འཁྱགས་རོམ་དང་ཆུའི་ཐོན་ཁུངས་ཚད་ལེན་སོགས་ལ་ཡང་དག་པའི་གཞི་གྲངས་ཀྱི་རྒྱབ་རྟེན་ཞིག་མཁོ་འདོན་བྱས་ཡོད་ཟེར། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།