“སྐལ་བཟང་ལགས། ཁྱེད་ཀྱིས་དཔལ་མགོན་བོས་དང་། ང་ཚོ་མཉམ་དུ་སྟག་ལུང་སྡེ་བའི་ལུང་རིང་གཞུང་ལམ་ལ་བལྟ་རུ་འགྲོ། གུང་ཟས་ཕྱིར་ཡོང་ན་ཟ། འབྲོག་མི་ཆོས་བྷོ་ཡིས་ང་ཚོར་དེ་ན་བསྒུགས་ཡོད”ཟླ9པའི་ཚེས27ཉིན་གྱི་ཉིན་གུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་རིམ་པ་དགུ་པའི་དོ་དམ་པ་དཔལ་ཆེན་གྱིས་ལས་གྲོགས་བོས་ཏེ། སྟག་ལུང་སྡེ་བར་སོང་ནས་ཁྱིམ་ཚང་གི་སྒོ་ཁའི་ལམ་ཆད་པའི་ཐད་ཀྱི་སྡེ་མིའི་བསམ་ཚུལ་ལ་མཉན་དུ་འགྲོ་བར་གྲ་སྒྲིག་བྱེད་བཞིན་ཡོད།
“དེ་རིང་ངལ་གསོའི་ཉིན་མོ་རེད། འདི་ལྟར་བྲེལ་འཚུབ་ཀྱིས་འགྲོ་རྒྱུ་ཡིན་ནམ།”
“ཁ་སང་རྒན་པོ་དེས་ང་ལ་ཁ་པར་བཏང་ཡོང་། ལམ་ཆད་པའི་དོན་ལ་གྲོས་མོལ་བྱེད་འདོད་ཟེར། དེ་རིང་ང་ཚོ་མྱུར་མོར་སོང་ནས་ཁོ་ལ་ཐུག”
གཞུང་ལས་ཁང་དུ་འདུས་རྗེས། དཔལ་ཆེན་དང་ཁོའི་ལས་གྲོགས་གཉིས་པོས་འགྲིམ་འགྲུལ་འཆར་འགོད་རི་མོ་བཟུང་ནས་ལམ་ལ་ཆས།
“གཅིག་སྒྲིལ་རྫོང་གི་ཆ་སྙོམས་མཚོ་འཕགས་སྨི4300རེད། རི་རྒྱུད་མང་པོ་འཕྲེད་གཞུང་དུ་བསྟར་ལ་ཆུ་བོ་གང་སར་འབབ། ལོ་རེའི་འཁྱགས་སྡོམ་དུས་ཡུན་ཟླ7ལ་སླེབས་པས། འབྲོག་པ་མང་ཚོགས་དུས་ཡུན་རིང་པོར“འགྲོ་དཀའ་བའི”དཀའ་སྡུག་ལ་འཕྲད་ཡོད། སྔོན་ཆད་གཞུང་ལམ་མེད་པའི་སྐབས་སུ་འབྲོག་པ་རྣམས་ཀྱི་འཚོ་བ་དང་ཐོན་སྐྱེད་ཧ་ཅང་སྟབས་མི་བདེ། སྐྱེལ་འདྲེན་ནི་ནོར་གནག་ལ་ཁལ་འགེལ་བ་དང་འགྲོ་ན་རྟར་བཞོན་ནས་འགྲོ་དགོས། 2017ལོར་ལུང་རིང་གཞུང་ལམ་ལས་ནས་གྲུབ་རྗེས། ལམ་འགྲམ་གྱི་འབྲོག་པ་མང་ཚོགས་རྫོང་མཁར་དུ་འགྲོ་བའམ་གཞན་ལ་འགྲོ་བར་སྟབས་བདེ་བཟོས། ལུང་པའི་ཕུག་ཏུ་གནས་པའི་ས་ཆ་འདི་ལ་མཚོན་ནས་བཤད་ན་ལམ་ཡོད་ན་རེ་བ་ཡོད།” དཔལ་ཆེན་གྱིས་བཤད་པ་ལྟར་ན། རྒན་པོ་ཆོས་བྷོ་ནི་སྔོན་ཆད་སྟག་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན། ངལ་གསོས་ནས་ལོ་ངོ་མང་པོ་འགོར་ཡོད་རུང་། སྡེ་བའི་ནང་གི་འཕེལ་རྒྱས་སྔར་བཞིན་ཁོའི་སེམས་ལ་ཐོགས་ཡོད། ལྷག་པར་ཁོ་ཚང་གི་སྒོ་ཁའི་གཞུང་ལམ་དེ་ཕ་ཡུལ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་འགྱུར་བར་རེ་བ་འཆང་བཞིན་ཡོད།
སྤྱི་ལེ་བཅོ་ལྔའི་ཟེགས་ལམ་དེ་ནི་ཡམ་ཡོམ་ཆེ་རུང་འབྲོག་པ་མང་ཚོགས་ཀྱིས་འཚོ་བར་བཅངས་པའི་མཛེས་སྡུག་གི་རེ་སྨོན་དུ་གྱུར་ཡོད།
“ཨ་ཁུ་ཆོས་བྷོ་ལགས། ཁྱེད་ཀྱིས་བསྒུགས་ནས་འགོར་སོང་། ད་ལོ་ཁྱེད་ཚང་གི་ནོར་གནག་འཚོས་པ་ག་འདྲ་རེད།”
“ལེགས་པོར་འདུག ད་ལོ་ཆར་ཆུ་མོད་ཅིང་ནམ་ཟླར་བརླན་ཆེ་བས་སྟོན་སའི་རྩྭ་ཤིན་ཏུ་བཟང་ལ། ནོར་གནག་ལ་ཤ་ཤེད་རྒྱས་ཡོད། ནོར་གནག་བཅུ་ཕྲག་ཅིག་གི་མངག་ཉོ་སྔ་མོ་ནས་འབྱོར་སོང་།”
“དེ་ལྟར་ཡིན་ན་ཤིན་ཏུ་བཟང་། ད་ལོར་སྡུག་མྱངས་པར་དོན་ཡོད་སོང་། ང་ཚོ་འགྲོ་ཞོར་དུ་ཁ་བརྡ་བྱེད།”
དཔལ་ཆེན་དང་རྒན་པོ་ཆོས་བྷོ་གཉིས་ཁ་བརྡ་བྱེད་ཞོར་ལམ་སྣེར་ཐོན། “ཁྱེད་ཀྱིས་ལྟོས་དང་། འདི་བར་དུ་ཡོང་ན་ལམ་གྱི་སྣེ་ཁར་ཐོན་སོང་། ད་རུང་ལམ་འདི་མུ་མཐུད་ནས་ལས་ན་འབྲོག་པ་མང་ཚོགས་ལ‘རེ་བའི་ལམ’ཞིག་མང་དུ་བཏང་བ་རེད”ཅེས་རྒན་པོ་ཆོས་བྷོས་དཔལ་ཆེན་ལ་དེ་ལྟར་བཤད།
རྒན་པ་དེའི་བསམ་ཚུལ་དང་ལྟ་ཚུལ་ལ་མཉན་རྗེས་དཔལ་ཆེན་གྱིས་ཁ་པར་བླངས་ནས་ཟིན་བྲིས་སུ་འགོད་ཞོར“ཨ་ཁུ་ཆོས་བྷོ་ལགས། ཁྱེད་ཀྱིས་བཤད་པ་ཤིན་ཏུ་བཟང་། སྔོན་ཆད་ཁྱེད་ཀྱིས་དོན་འདི་གླེང་མྱོང་། ད་ཐེངས་ང་ཚོ་འདིར་ཡོང་སྟེ་ཡུལ་དངོས་སུ་བལྟས་ནས་གཞུང་ལམ་གྱི་གནས་ཚུལ་ལ་ཁྱོན་ཡོངས་ནས་སྔར་བས་རྒྱུས་ལོན་བྱེད་བསམ་པ་ཡིན”ཞེས་དཔལ་ཆེན་གྱིས་དེ་ལྟར་བཤད་ཞོར། འགྲིམ་འགྲུལ་ས་ཁྲ་ཐང་དུ་བཀྲམ་ནས་ལས་གྲོགས་དང་མཉམ་དུ་དབྱེ་ཞིབ་བྱས།
གཅིག་སྒྲིལ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ལག་རྩལ་རྐང་འཛིན་པ་དཔལ་ཆེན་ནི་འབྲོག་ཁུལ་དུ་སྐྱེས་ཤིང་དེ་ནས་གཉོམ་ལག་རྒྱས་པ་དང་། འགྲིམ་འགྲུལ་བྱ་བར་ཞུགས་ནས་ལོ་ངོ་བཅུ་ཕྲག་ཅིག་འགོར་ཡོད། ཁོས་རྩྭ་ཐང་དང་ལུང་པ་གོམ་པར་འཇལ་ནས། གཅིག་སྒྲིལ་རྫོང་གི་ཞང5དང་གྲོང་རྡལ1གི་སྲིད་འཛིན་སྡེ་བ22སུ་སོང་བ་དང་། ཡུལ་དངོས་སུ་འགྲིམ་འགྲུལ་འཆར་འགོད་ཀྱི་བྱ་བར་བརྟག་ཞིབ་ལེགས་པོ་བྱས་ཏེ། གཅིག་སྒྲིལ་རྫོང་གི“ལྔ་བཅུ་གསུམ”དང“ལྔ་བཅུ་བཞི།” “ལྔ་བཅོ་ལྔ”ཡི་འགྲིམ་འགྲུལ་འཆར་གཞི་བདེ་བླག་གིས་བཀོད་ལ། གཅིག་སྒྲིལ་གྱི“ས་ཁྲ་གསོན་པོ”རུ་གྱུར་ཡོད།
དཔལ་ཆེན་གྱིས་བཀོད་པའི་ཟིན་བྲིས་ནང་དུ། གཞི་གྲངས་བཀོད་ཡོད་པ་ལས་གཞན། ད་རུང“རྫ་ར་སྡེ་བར་ཟམ་པ་ཞིག་འཕེན་དགོས།”“བར་གཞི་ཞང་ལ་ལམ་སྤྱི་ལེ15ཅན་ཞིག་ལས་དགོས”ཞེས་པ་སོགས་འབྲོག་པ་མང་ཚོགས་ཀྱི་རེ་འདུན་ཡང་རེ་རེ་བཞིན་བཀོད་ཡོད།
2017ལོའི་དཔྱིད་ཀར་སྦྲ་གསར་ཞང་སྤོས་ཁྱིམ་སྡེ་བར་གྲང་རླུང་ལྡིང་ཞིང་འཁྱགས་སིབ་སིབ་ཏུ་གནས་པའི་སྐབས་ཤིག་ལ། དཔལ་ཆེན་དང་ལས་གྲོགས་ཀྱིསGPSཚད་འཇལ་ཡོ་ཆས་བཟུང་སྟེ་གྲོག་རོང་གི་ཕུག་ཏུ་ཡིབ་པའི་སྡེ་བ་དེར་སོང་། རྐང་འོག་གི་ལམ་དེ་གངས་ཀྱིས་བརླན་ནས་འདམ་བག་གིས་ཁེངས་ཡོད་པས་འདམ་བག་ནང་དུ་སྤོས་ནས་འགྲོ་དགོས།
“ཁྱེད་ཚོ་གང་ནས་ཡོང་བ་ཡིན”ལོ62ལ་སོན་པའི་རྒན་པོ་ཆོས་བཟང་འཁར་བ་ཞིག་ལ་ཁེན་ནས་ཁོ་ཚང་གི་རས་གུར་མདུན་དུ་ལངས་ཡོད། ང་ཚོ་དེར་ཐོན་པར་དོགས་སྣང་ཞིག་སྐྱེ་ཞོར་དེ་ལྟར་བཤད། “ང་ཚོ་ནི་འགྲིམ་འགྲུལ་ཅུས་ཀྱི་ཡིན། འདིར་ལམ་ཇི་ལྟར་ལས་པའི་སྐོར་ལ་རྩད་ཞིབ་བྱེད་དུ་ཡོང་བ་ཡིན”ཞེས་པ་ཐོས་རྗེས་རྒན་པོའི་མིག་མདངས་ལ་རྣམ་རིག་རྒྱས་ནས་དེར་ཡོད་པའི་ཀྱག་ཀྱོག་གི་ཕྱུགས་ལམ་སྟོན་ཞོར་དུ་མགྲིན་པ་བརྣངས་ནས“ལམ་འདིར་རུ་སྤོར་འབྲོག་པ་ལས་མི་གཞན་པ་ཞིག་ཡོང་བ་མཐོང་རྒྱུ་མེད། ཁྱེད་ཚོས་ལག་ཏུ་ལྕགས་ཀྱི་ཡོ་བྱད་བཟུང་ཡོད་པས། ལམ་ལས་སུ་ཡོང་བ་ཡིན་ནམ”ཞེས་དྲིས།
དཔལ་ཆེན་གྱིས་རྒན་པོ་ཆོས་བཟང་ལ་ཁོ་ཚོས་ཐེངས་འདིར་ཚད་འཇལ་བྱེད་དོན་གཞུག་ཕྱོགས་ལམ་ལས་ཆེད་ཡིན་པ་ཡང་བསྐྱར་འགྲེལ་བཤད་བྱས། རྒན་པོ་ཆོས་བཟང་གིས་ཁོའི་ལག་པ་བཟུང་ནས“ན་ནིང་གི་དཔྱིད་ཀར། ངའི་ཚ་བོ་ཆུང་བ་གློ་བུར་ཕོ་བ་ན་ནས་ཐང་དུ་འགྲེ་ལོག་བརྒྱབ་པས། རྟར་བཞོན་ནས་ཞང་འཕྲོད་བསྟེན་ཁང་གི་ཕྱོགས་སུ་སོང་རུང་། ལམ་བར་གྱི་ཤིང་ཟམ་ཆུས་ཁུར་ཟིན་པས། ལམ་བསྐོར་ནས་རྫོང་སྨན་ཁང་དུ་མི་འགྲོ་ཐབས་མེད་བྱུང་། སྨན་པས་བཤད་ན་བྱིས་པའི་རྒྱུ་ལྷག་ལ་གཉན་ཚད་རྒྱས་ཡོད་པས་འགོར་འགྱངས་ཅུང་ཙམ་བྱས་ན་ཚེ་སྲོག་ལ་ཉེན་ཁ་ཆེ་ཟེར”ཞེས་རྒན་པོ་ཆོས་བཟང་གིས་མགྲིན་པ་བརྣངས་བཞིན་དེ་ལྟར་བཤད།
དཔལ་ཆེན་གྱིསGPSཚད་འཇལ་ཡོ་ཆས་འཛུགས་ཞོར་དུ། “ཨ་ཁུ་ཁྱེད་ཀྱིས་སེམས་བདེ་མོ་བྱོས། ང་ཚོས་ལམ་འདི་ཁྱེད་ཚང་གི་སྒོ་ཁར་ལས་ཁོ་ཐག་ཡིན། གཞུག་ཕྱོགས་ཕྱི་རུ་འགྲོ་མི་ཐུབ་པ་དང་ནང་དུ་ཡོང་མི་ཐུབ་པའི་ལམ་ཞིག་ཡོད་མི་སྲིད”ཅེས་བཤད་པས། རྒན་པོ་ཆོས་བཟང་དགའ་ནས་འདམ་འབག་འགོས་ཡོད་པའི་དཔལ་ཆེན་གྱི་ལྭ་བ་སྤྲུགས་ཞོར་དུ། “བཀའ་དྲིན་ཆེ། བཀའ་དྲིན་ཆེ”ཟེར།
ལོ་ངོ་མང་པོར་མཐོ་སྒང་གི་རྫ་མགོ་རི་མགོ་རུ་བྱ་བ་བསྒྲུབས་པས། “གྱ་རབས་པ”དཔལ་ཆེན་ནི་ཁོའི་ན་མཉམ་རྣམས་དང་བསྡུར་ན་རྒས་མདོག་ཅིག་ཤར་ཡོད་མོད། འོན་ཀྱང་ཁོས་གཞུང་ལས་ཁང་དུ་བཀལ་བའི་འགྲིམ་འགྲུལ་ས་ཁྲའི་སྟེང་གི་ཚོན་རྟགས་དམར་པོ་བརྒྱབ་ཡོད་པའི་རང་ཉིད་ཀྱིས་འཆར་འགོད་བྱས་ནས་ལས་པའི་ལམ་དང་འཕངས་པའི་ཟམ་པ་དེ་དག་མཐོང་དུས། སེམས་ནང་དུ་སྐྱེས་པའི་ཚིམ་སྣང་གིས་རྩད་ཞིབ་ཀྱི་དཀའ་སྡུག་རེ་རེ་བརྗེད་འགྲོ་བ་རེད།“ང་ཚོས་ལས་པའི་ལམ་དང་འཕངས་པའི་ཟམ་པ་དག་ནི་ཁ་ཆར་བུ་ཡུག་གིས་བརླག་མི་ཐུབ་པར་མ་ཟད། འབྲོག་པ་རྣམས་ཀྱི་སེམས་པར་དྲོད་ཁོལ་སྦྱིན་ཡོད”ཅེས་དཔལ་ཆེན་གྱིས་དེ་ལྟར་བཤད། །