ཚན་རྩལ་ལ་བརྟེན་ནས་ཞིང་ཁ་དང་ཞིང་གཉའ་རུ“ཡོང་འཕར་འབྲས་བུ”སྨིན་དུ་བཅུག

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

མཚོ་བོད་མཐོ་སྒང་གི་ག་ས་གང་དུ་སྟོན་མདོག་ཤར་ཞིང་ལོ་ལེགས་བྱུང་བའི་དགའ་སྤྲོས་ཁེངས་འདུག གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ཐོ་རྒྱ་གྲོང་རྡལ་གྱི་སུར་པན་འདེབས་འཛུགས་རྟེན་གཞི་རུ་སོང་བ་ན། ཡུལ་དེར་ལོ་ལེགས་བྱུང་ཡོད་པའི་རྟགས་མཚན་ཞིག་ཤར་འདུག 

ཞིང་ཁ་དང་ཞིང་གཉའ་རུ་ཕྲ་ཞིང་རིང་བའི་སུར་པན་གྱི་ཡལ་གའི་གསེང་དུ་སུར་པན་དག་མར་བསྣར་ཞིང་། རླུང་བུ་ལྡང་བ་ན་སུར་པན་གྱི་དྲི་མ་ཞིག་སྣ་ལམ་དུ་འཐུལ་ཡོང་།ཞིང་པ་རྣམས་མུ་མཐའ་བྲལ་བའི་ཞིང་ནང་དུ་བརྒལ་ནས་སྨིན་ཡོད་པའི་སུར་པན་དག་སླེ་བོའི་ནང་དུ་བཏོག་པ་དང་། སུར་པན་སྒང་འབུར་ལྟར་ཞིང་འགྲམ་དུ་སྤུངས་ཤིང་། དེ་དག་སྐྱེལ་འདྲེན་རླངས་འཁོར་རེ་རེའི་ནང་དུ་བཀང་རེ་བརྩིགས་ཏེ་ཕྱིར་འདྲུད་བཞིན་ཡོད།

“ད་ལོར་གནམ་རྒན་མས་མགོན་སྐྱབས་གནང་སོང་། ཆར་ཆུ་ཤིན་ཏུ་མོད་པར་མ་ཟད་ཞིང་ཆེན་ཚན་རྩལ་གླིང་དུ་འབྲེལ་གཏུག་བྱས་ནས་ཆེད་ལས་ལག་རྩལ་གྱི་རྒྱབ་སྐྱོར་ཐོབ། ཁྱེད་ཀྱིས་སུར་པན་འདིར་ལྟོས་དང་། མཐུག་ལ་ཐོན་ཚད་ཀྱང་མཐོ། ཟླ་གོང་མ་ནས་འཐོག་མགོ་བརྩམས་པ་ཡིན། ད་རུང་ཟླ་གཅིག་ལ་བཏོག་ན་ད་གཟོད་ཚར་རྒྱུ་རེད།”ཞིང་ཁ་རུ་སུར་པན་འཐོག་བཞིན་པའི་སྡེ་མི་རྡོ་རྗེ་སྒྲོལ་མས་སུར་པན་སླེ་བོའི་ནང་དུ་འཐུ་ཞོར་གདོང་ལ་འཛུམ་མདངས་གྲོལ་ནས་དེ་ལྟར་བཤད།

ཞིང་འགྲམ་དུའང་འདུ་འཛིའི་ཡོ་ལང་རྒྱས་འདུག ཐུན་རིན་གྲོང་ཁྱེར་ནས་ཐོན་པའི་གཞིས་དམངས་འགས་ལག་ཏུ་ཁུག་མ་བཟུང་ནས་སུར་པན་གྱི་ཞིང་ནང་དུ་ཡོང་སྟེ་སུར་པན་འདེམས་པ་དང་འཐོག་བཞིན་ཡོད།“ཐོ་རྒྱ་གྲོང་རྡལ་གྱི་སུར་པན་བྲོ་བ་ཞིམ་པ་སྔ་མོ་ནས་ཐོས་མྱོང་། གཟའ་མཇུག་ཏུ་བྱིས་པ་ཁྲིད་ནས་ཆེད་དུ་སུར་པན་འཐོག་པའི་གོ་རིམ་རོལ་མྱོང་བྱེད་དུ་ཡོང་བ་ཡིན། བཏོག་མ་ཐག་གི་སུར་པན་ཡུལ་ལ་ཁྱེར་སོང་སྟེ་བརྔོས་ན་ཤིན་ཏུ་ཞིམ་ལ། སྔོ་ཚོད་ཚོང་ར་ནས་ཉོས་པ་ལས་སོས་འཛིན་ཆེ”ཞེས་གཞིས་དམངས་ཧོ་ལིང་ལིང་གིས་དེ་ལྟར་བཤད།

མིག་སྔར། རྟེན་གཞི་རུ་སུར་པན་གོ་རིམ་ལྡན་པའི་སྒོ་ནས་འཐོག་བཞིན་ཡོད་ལ། ཕྱོགས་གཅིག་ནས་གཞིས་དམངས་ལ་ཞིང་ལས་ཀྱི་སྤྲོ་བ་ཉམས་སུ་མྱོང་དུ་འཇུག་པ་དང་། ཕྱོགས་གཞན་ཞིག་ནས་ཞིང་པས་སྔ་མོ་ནས་བཙལ་ཡོད་པའི་འཚོང་ལམ་བརྒྱུད་ནས། བཏོག་ཡོང་བའི་སུར་པན་དེ་མ་ཐག་ཚོང་རར་བསྐྱལ་ནས་ཁུར་གྱིས་ལྗིད་པའི་ལོ་ལེགས་མྱུར་དུ་ཡུལ་མི་རྣམས་ཀྱི་ཡོང་སྒོ་སྤར་བའི་འབྲས་བུར་སྒྱུར་བཞིན་ཡོད།

“ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་ན་ཐོན་ལས་དམིགས་སུ་འཛིན་དགོས། ང་ཚོས་ནམ་ཡང་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རིག་ལམ་གྱིས་ཐོན་ལས་ཁྱབ་སྟངས་འཆར་གཞི་འགོད་པར་དམིགས་ཏེ། ཞིང་ཆེན་ནང་ཁུལ་གྱི་ཚན་ཞིབ་ལས་ཁུངས་ཀྱི་སྟོབས་ཤུགས་ལ་བརྟེན་པ་ཡིན།”ཐུན་རིན་གྲོང་ཁྱེར་ཞིང་ཕྱུགས་ལས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཝེ་ཞང་ཁྲེན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ན་ནིང་མཚོ་སྔོན་ཞིང་ཆེན་ཞིང་ལས་ཚན་རྩལ་གླིང་དང་མཉམ་ལས་གན་རྒྱ་བཞག་ནས། གཙོ་བོ་སོན་བཟང་འདེམས་འདེབས་དང་དཔེ་སྟོན་འདེབས་འཛུགས་ལ་སྐུལ་འདེད་བཏང་བ་རེད། “ཡང་དང་བསྐྱར་དུ་སུར་པན་གྱི་ས་བོན་སྣ་ཁ་གཉིས་བདམས་ནས་བཏབ་པ་ཡིན། མིག་སྔར་མཁའ་སྐྱོད་སུར་པན་ས་བོན4པ་ས་ཞིང་སྤྱི་ཆིང2.67སྟེང་དུ་བཏབ་པ་དང་། མཁའ་སྐྱོད་སུར་པན་ས་བོན8པ་ས་ཞིང་སྤྱི་ཆིང0.2ཀྱི་སྟེང་དུ་བཏབ་ཡོད། སྐྱེས་ཚུལ་ལ་བལྟས་ན་སྡོང་རྐང་སྦོམ་ཞིང་སུར་པན་ཐོགས་ཚད་ཧ་ཅང་བཟང་བས་མཐོ་སྒང་གི་ནམ་ཟླ་དང་ཡོངས་སུ་འཚམ་ཡོད།”

ས་བོན་བཟང་པོ་མཐོ་སྒང་དུ་རྩ་བ་ཚུགས་ཤིང་ཡན་ལག་རྒྱས་པ་དེ་ཐུན་རིན་གྲོང་ཁྱེར་གྱི“ལྷན་སྐྱེས་ཀྱི་དགེ་མཚན”དང་འབྲལ་ཐབས་མེད། ཞིང་ས་གཅིག་བསྡུས་སུ་ཡོད་པས་གཞི་ཁྱོན་ཅན་གྱི་འདེབས་འཛུགས་དོ་དམ་བྱེད་པར་ཕན། ནམ་ཟླ་ཅུང་འཁྱགས་པས་འབུའི་གནོད་པ་ཉུང་ལ་ཆུ་བཏང་ནའང་སྟབས་བདེ་བས་སུར་པན་སྐྱེ་བར་ཁོར་ཡུག་ཤིན་ཏུ་ལེགས།

ཞིང་ཆེན་ཞིང་ལས་ཚན་རྩལ་གླིང་གི་རོགས་རམ་ནི་ས་བོན་སྦྱིན་པ་ཁོ་ན་མིན། ཆེད་མཁས་པའི་དཔུང་ཁག་གིས་འབུ་གནོད་སྔོན་འགོག་དང་ཚན་རིག་དང་མཐུན་པར་ཆུ་གཏོང་བ་དང་ལུད་འཇོག་པར་དམིགས་ནས་གོ་རིམ་ཧྲིལ་པོར་ལག་རྩལ་མཛུབ་སྟོན་བྱས་པར་མ་ཟད། ད་རུང་ཡུལ་དེའི་ས་ཞིང་གི་ཁྱད་ཆོས་ལ་དམིགས་ནས་ཞིང་ལས་འཕྲུལ་ཆས་ཞིང་ནང་ནས་བཀོལ་སྟངས་འཚོལ་ཞིབ་བྱས། དེ་ལྟར་བྱས་ན་གཅིག་ནས་རྫས་འགྱུར་ཞིང་སྨན་ཉུང་དུ་བཀོལ་བ་དང་འདེབས་འཛུགས་ཀྱི་མ་རྩ་གྲོན་ཆུང་བྱེད་ཐུབ། གཉིས་ནས་ཞིང་པའི་ངལ་རྩོལ་འགན་འཁུར་ཇེ་ཡང་དུ་བཏང་ནས་ཞིང་ལས་ལ་འབྲས་བུ་སྨིན་དུ་འཇུག་ཐུབ།

ས་བོན་ནི་ཞིང་ལས་ཀྱི་སྲོག་ཤིང་རེད། འཕུར་སྐྱོད་སུར་པན་ལས་གཞན་ཡུལ་དེས་ད་རུང་མ་རྨོས་ལོ་ཏོག་གི་ས་བོན་གསར་པ་ས་ཞིང་སྤྱི་ཆིང2དང་སྤུས་ལེགས་ཙོང་སྒོག་ས་ཞིང་སྤྱི་ཆིང2.67སྟེང་བཏབ་ཡོད། “དེ་དག་ལ་ཚོང་ཁྲོམ་སྟེང་དགའ་བསུ་ཐོབ་ཡོད། དེས་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ་ཞིང་པའི་ཡོང་སྒོ་འཕར་བར་རོགས་འདེགས་བྱས་ལ། མང་ཚོགས་ཀྱི་ཟས་ཀྱི་སྣ་ཁའང་ཇེ་མང་དུ་བཏང་ཡོད”ཅེས་ཝེ་ཞང་ཁྲེན་གྱིས་དེ་ལྟར་བཤད།

ད་ལྟ། ཐོ་རྒྱ་གྲོང་རྡལ་གྱི་སུར་པན་རྟེན་གཞི་ནི་ཡུལ་དེའི་གྲོང་གསེབ་དར་སྤེལ་གྱི“དཔེ་མཚོན་ཞིང་ས”རུ་གྱུར་ཡོད། སོན་བཟང་ཁྱབ་གདལ་བརྒྱུད་ནས་ཐོན་ལས་ཀྱི་གྲུབ་ཚུལ་ཇེ་ལེགས་སུ་བཏང་བར་མ་ཟད། མཐའ་འཁོར་གྱི་སྡེ་མི་རྣམས་ཉེ་ས་རུ་ལས་ཀར་ཞུགས་སུ་བཅུག་ཡོད། སྡེ་མི་མི་ཉུང་བ་ཞིག་ཁྱིམ་གྱི་སྒོ་ཁ་རུ་ལས་ཀར་ཞུགས་ནས་ཁྱིམ་ཚང་ལ་བདག་སྐྱོང་བྱེད་ཐུབ་པ་དང་ཁྱིམ་ཚང་གི་འགྲོ་སྒོའང་ཁ་གསབ་བྱེད་ཐུབ་པར་གྱུར་ཡོད།

“སྔོན་ཆད་སྒོར་མོ་བཙལ་དུ་འགྲོ་ན་གཞན་ཡུལ་དུ་ཞོར་ལས་ལ་འགྲོ་དགོས་པས་བྱིས་པར་བདག་སྐྱོང་བྱེད་མི་ཐུབ། ད་ལྟ་རྟེན་གཞི་རུ་ལས་ཀ་ལས་ན་ཁྱིམ་ཚང་དང་ཤིན་ཏུ་ཉེ་བས། བྱིས་པར་བདག་སྐྱོང་བྱེད་ཐུབ་པར་མ་ཟད་ཟླ་རེར་བརྟན་འཇགས་ཀྱི་གླ་ཕོགས་ཀྱང་ཐོབ་རྒྱུ་ཡོད།” སྡེ་མི་གཡང་འབུམ་གྱིས་དེ་རུ་ལས་ཀ་ལས་བཞིན་པའི་སྡེ་མི་མི་ཉུང་བ་ཞིག་གི་སེམས་ཀྱི་གཏམ་དེ་བརྗོད་སོང་། ཁོ་དང་ཁོའི་ཆུང་མ་གཉིས་རྟེན་གཞིའི“གཏན་འཁེལ་ལས་བཟོ་བ”རེད། གཡང་འབུམ་གྱིས་རླངས་འཁོར་བསྐོར་ནས་བཏོག་མ་ཐག་གི་སུར་པན་དུས་ཐོག་ཏུ་ཚོང་ཁྲོམ་དུ་དྲུད་དེ་འཚོང་ལམ་ཤར་གཏོང་ཡོང་བར་འགན་སྲུང་བྱེད་དགོས། ཁོའི་ཆུང་མ་ཞིང་ཁ་རུ་སུར་པན་འཐོག་པ་དང་ལྡུམ་བུ་འབལ་བ། ཆུ་གཏོང་བ། ལུད་འཇོག་པ་སོགས་ཀྱི་ཞིང་ས་བདག་སྐྱོང་གི་ལས་ཀར་བྱང་ཡོད།

“ལེགས་པོར་འདེབས་པ་དང་ལེགས་པོར་སྐྱོང་བ”ལས་གཞན། ཐོ་རྒྱ་གྲོང་རྡལ་གྱི་སུར་པན་རྟེན་གཞིས“ལེགས་པོར་ཉམས་ལེན་བྱེད་པ་དང་བསླབས་ནས་ཤེས་པའི”ཁ་ཕྱོགས་སུ་རིམ་པ་སྤོར་བཞིན་ཡོད། ད་ལྟ། རྟེན་གཞིས“ལྟད་མོ+འཐོག་པ+ཞིང་ལས་ཚན་རྩལ་ཁྱབ་གདལ”གྱི་ཕྱོགས་བསྡུས་ཕུང་བོ་ཞིག་ཏུ་བསྐྲུན་པར་ཧུར་བརྩོན་བྱེད་བཞིན་ཡོད། མིག་སྔར་མི70ཤོངས་པའི་ཚན་རྩལ་ཁྱབ་གདལ་གྱི་སློབ་ཁང་ལས་ནས་གྲུབ་ཡོད་ལ། དེའི་ནང་གི་སྒྲིག་བཀོད་ཀྱང་ཕལ་ཆེར་འཐུས་ཚང་ཡིན་པས། རྗེས་ཕྱོགས་ཞིང་ལས་ལག་རྩལ་གསོ་སྦྱོང་བྱེད་པ་དང་ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཡོད།

“ས་བོན་བཟང་པོ་སྐྱེལ་བ”ནས“བྱེད་ཐབས་ལེགས་པོ་བརྒྱུད་སྤྲོད”བྱེད་པའི་བར་དང་། འདེབས་འཛུགས་སྣ་རྐྱང་ནས་སྣ་མང་གོང་འཕེལ་གཏོང་བའི་བར་ཚན་རིག་ལག་རྩལ་གྱིས་མཚོ་བོད་མཐོ་སྒང་གི་ཞིང་ཁ་དང་ཞིང་གཉའ་རུ“ཡོང་འཕར་འབྲས་བུ”སྨིན་དུ་བཅུག་ཡོད་ལ། ཐུན་རིན་གྲོང་ཁྱེར་གྱི་གྲོང་གསེབ་དར་སྤེལ་ལ་སྤུས་འདེགས་ཕན་འཕར་གྱི་སྣང་ཚུལ་གསར་པ་ཞིག་ཀྱང་བསྐྲུན་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།