པར་འདི་ནི་ར་རྒྱ་གྲོང་རྡལ་གྱི་རྣམ་པ་ཡོངས་ཡིན།
པར་འིད་ནི་བསྟན་འཛིན་གྱིས་རྨ་ཆུའི་འགྲམ་གྱི་གད་སྙིགས་བསྡུ་བཞིན་པའི་ཚུལ་རེད།
སྟོན་མདོག་མངོན་བཞིན་ཡོད་མོད། འོན་ཀྱང་རྨ་ཆུའི་ལུང་གཞུང་གི་ར་རྒྱ་གྲོང་རྡལ་སྔོ་ལྗང་གིས་ཁེངས་ཡོད། ཉིན་མང་པོ་བསྟུད་མར་ཆར་ཆུ་བབས་རྗེས། རྨ་ཆུ་ཅུང་རྙོག་པོར་གྱུར་པ་མ་ཟད། ད་དུང་གད་སྙིགས་ཁ་ཤས་རྨ་འགྲམ་དུ་ཐོན་ཡོད། བསྟན་འཛིན་མཐོང་སྐབས་ཁོང་གིས་ལས་གྲོགས་བཅུ་ཁ་དང་མཉམ་དུ་རྨ་ཆུའི་འགྲམ་དུ་གད་སྙིགས་གཙང་བཤེར་བྱེད་བཞིན་ཡོད། དགོད་སྒྲའི་ཁྲོད་ཚང་མས་མྱུར་དུ་གཙང་བཤེར་བྱས་ནས་ས་ཆ་རྗེས་མར་འགྲོ་རྩིས་བྱས།
བསྟན་འཛིན་གྱིས་དེ་ནི་གཟའ་འཁོར་རེ་རེའི་འཆར་ཅན་གྱི་གཙང་བཤེར་འགུལ་སྐྱོད་ཅིག་ཡིན་པ་དང་སྐབས་འགར་རྨ་ཆུའི་ངོགས་གཉིས་སུ་འགྲོ་བ་དང་སྐབས་འགར་གྲོང་རྡལ་གྱི་ཁྲོམ་གཞུང་དུ་འགྲོ་བཞིན་ཡོད་ཟེར།
འདི་ནི་རྨ་ཆུ་བཞུར་བའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་ཡིན་པ་དང་། རྨ་ཆུའི་རོང་དུ་གནས་པ་དང་ས་བབ་ཅུང་དམའ་བ་དང་གནམ་གཤིས་འཇམ་པོ་ཡོད་པས“མགོ་ལོག་ལྷོ་རྒྱུད་ཆུང་ཆུང”ཞེས་འབོད་ཀྱི་ཡོད། རྨ་ཆུ་ར་རྒྱ་གྲོང་རྡལ་བརྒྱུད་ཡོད་པ་དང་ཨ་མྱེས་རྨ་ཆེན་གྱི་རི་རྒྱུད་དང་ས་དམར་རི་བོ་གཉིས་ཀྱིས་ལྷིང་འཇགས་ཀྱི་ས་ཆ་དེ་མཉམ་དུ་སྲུང་སྐྱོབ་བྱེད་བཞིན་ཡོད།
“ཉེ་ཆར་ཆུ་བོ་ཅུང་ཞི་ལྷོད་དུ་གྱུར་པས། ཚང་མར་རྨ་ཆུའི་འགྲམ་དུ་གཙང་བཤེར་བྱེད་པར་ཡོང་དགོས་པའི་བརྡ་ཐོ་བཏོན། ཆར་དུས་སུ་འདིར་ཆུ་ཇེ་མཐོར་སོང་བས་འདིར་ཡོང་མི་ཆོག དགུན་ཁར་རྨ་ཆུའི་འགྲམ་དུ་གཙང་བཤེར་བྱེད་པའི་ཐེངས་གྲངས་ཅུང་མང་སྲིད”ཅེས་བསྟན་འཛིན་གྱིས་གྲོང་རྡལ་དུ་སླེབས་རྗེས་ཚང་མས་ཁོར་ཡུག་སྲུང་སྐྱོབ་གི་འདུ་ཤེས་ཧ་ཅང་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་ཞིང་། དུས་བཀག་ལྟར་ཁོར་ཡུག་གཙང་བཤེར་སྒྲིག་འཛུགས་བྱེད་བཞིན་ཡོད་པས། རྨ་ཆུའི་འགྲམ་དུ་ནམ་ཡང་གཙང་མ་གྲལ་དག་སེར་ཡོད་ཟེར།
བསྟན་འཛིན་ནི་ར་རྒྱ་གྲོང་རྡལ་གྱི་ཡིན་མོད། འོན་ཀྱང2017ལོར་གཞི་ནས་ཕྱུགས་འཚོའི་འཚོ་བ་རྦད་དེ་མཇུག་འགྲིལ་ནས་གྲོང་རྡལ་དུ་མཉམ་འདྲེས་བྱས་པ་རེད།
2017ལོར་ཉེན་ཁ་གཡོལ་བཀོད་སྒྲིག་བྱས་པས་བསྟན་འཛིན་དང་གྲོང་ཚོའི་མི་ཁག་གཅིག་ར་རྒྱ་གྲོང་རྡལ་དུ་གནས་སྤར་ནས་འཚོ་བ་སྐྱེལ་གྱི་ཡོད་མོད། འོན་ཀྱང་ཟླ་རེར་ད་དུང་གྲོང་ཚོའི་ནགས་ལས་དོ་དམ་སྲུང་སྐྱོབ་པའི་འགན་འཁྲི་སྒྲུབ་བཞིན་ཡོད།
བསྟན་འཛིན་གནས་པའི་གྲོང་ཚོ་ནི་ར་རྒྱ་གྲོང་རྡལ་སིལ་རིག་ཆེན་གྲོང་ཚོ་ཡིན་པ་དང་གྲོང་ཚོར་རྩྭ་ཐང་ཡོད་པ་མ་ཟད། ད་དུང་རང་བྱུང་ནགས་ཚལ་དང་། ཆུ་ཁུངས། རི་སྐྱེས་སྲོག་ཆགས་བཅས་ཡོད་པས་དུས་དང་རྣམ་པ་ཀུན་ཏུ་བདག་སྐྱོང་བྱེད་མཁན་ཡོད་དགོས།
“ཟླ་རེར་ཉིན20ལྷག་ཙམ་སྐོར་སྲུང་བྱེད་པར་འགྲོ་གི་ཡོད། ང་ཚོའི་དེ་གར་རང་བྱུང་ནགས་ཚལ་མུའུ་བཞི་ལྔ་བརྒྱ་ཡོད་པ་དང་། ད་དུང་རྩྭ་ཐང་དང་ཆུ་མིག་ཡོད་པས་ཆུ་ལོག་སྔོན་འགོག་དང་མེ་འགོག་གནོན་ཤུགས་ཅུང་ཆེ་བས། ལོ་གཅིག་དུས་བཞི་ཚང་མར་ལྷོད་གཡེང་གཏོང་མི་ཐུབ”ཅེས་བསྟན་འཛིན་གྱིས་རང་ཉིད་ནི་ཏང་ལོ20ཡོད་པའི་ཏང་ཡོན་ཞིག་ཡིན་ལ། ནགས་ལས་དོ་དམ་སྲུང་སྐྱོབ་མི་སྣ་ཞིག་ཡིན་པས་སྣེ་ཁྲིད་ཀྱི་ནུས་པ་ཡག་པོ་འདོན་དགོས་ཞེས་བཤད།
དབྱར་ཁར། བསྟན་འཛིན་ཉིན་རེར་སྐོར་སྲུང་ལེགས་འགྲུབ་བྱུང་རྗེས་ད་དུང་གྲོང་རྡལ་དུ་ལོག་ཐུབ། དགུན་ཁར་མེ་འགོག་གནོན་ཤུགས་ཆེ་བའི་སྐབས་སུ་ཁོ་རང་ཕལ་ཆེར་འབྲོག་ཁུལ་དུ་བསྡད་ཡོད།
གད་སྙིགས་གཙང་བཤེར་མཇུག་སྒྲིལ་རྗེས། ང་ཚོ་ར་རྒྱ་གྲོང་རྡལ་ར་རྒྱ་ལམ་སྡེ་ཁུལ་དུ་གནས་པའི་བསྟན་འཛིན་གྱི་ཁྱིམ་དུ་སླེབས་ཡོད། ཁང་པ་གསུམ་གྱི་ངོས་རྨ་ཆུའི་ཕྱོགས་སུ་གཏད་ཡོད་པས། ཕྱི་རོལ་དུ་སོང་ན་འཁྱོག་ཀྱོག་གི་རྨ་ཆུའི་ཕྱོགས་སུ་མཐོང་ཐུབ། ཁང་བའི་མདུན་དུ་མེ་ཏོག་ཆུང་ཆུང་འདེབས་འཛུགས་བྱས་ཡོད་པ་དང་། ཚོན་མདོག་སྣ་ཚོགས་ཀྱི་མེ་ཏོག་མཛེས་སྡུག་ལྡན་ཡོད། ཁང་བའི་ནང་གི་སྒེའུ་ཁུང་སྟེགས་བུའི་སྟེང་དུ་མེ་ཏོག་གི་རྫ་མས་ཁེངས་ཡོད། མདོག་དམར་དཀར་གཉིས་ཀྱི་འཚུབ་ཟླུམ་མེ་ཏོག་དེ་མ་བཞད་པའི་ལྗང་ལྗང་གི་རྩི་ཤིང་གི་ཁྲོད་ལྷག་པར་མངོན་གསལ་དོད་པོ་ཡོད།
མི་ཡོང་བ་མཐོང་རྗེས། བསྟན་འཛིན་གྱི་ཆུང་མ་དབང་མཚོ་ཡར་ལངས་ནས་ཚང་མར་ཇ་བླུགས་པས། ཁོང་གིས་རང་ཉིད་ཀྱི་རྐང་པར་རླུང་རླན་རང་བཞིན་གྱི་ཚིགས་ནད་ཡོད་པས་ཉིན་གཉིས་རིང་རྐང་ཐང་ལ་འགྲོ་རྒྱུ་དེ་ཙམ་སྐྱིད་པོ་མེད་ཅེས་བཤད་པ་མ་ཟད། ཐབ་ནང་དུ་ཤིང་ལེབ་བེད་མེད་འགའ་བསྣན་ནས་ཁང་བའི་ནང་དུ་དེ་བས་དྲོ་པོ་ཡོང་བར་བྱས།
ནོར་གྱི་ལུད་ཐབ་ནས་ཤིང་དང་རྡོ་སོལ་སྲེག་པའི་བར་དབང་ཚོའི་ད་ལྟའི་འཚོ་བར་སྔ་མོ་ནས་གོམས་ཡོད།
“གྲོང་ཚོའི་ནང་འདམ་རྡོག་གི་གནོད་འཚེ་ཡང་ཡང་ཐོན་པས། ང་ཚོ་འདིར་གནས་སྤོས་པ་རེད། སྲིད་གཞུང་གིས་ང་ཚོར་ཁང་པ་བསྐྲུན་པ་མ་ཟད། ཆུང་མར་ཁོར་ཡུག་འཕྲོད་བསྟེན་གྱི་ལས་ཀ་ཡང་བཀོད་སྒྲིག་བྱས་ཡོད། ང་ཡང་ནགས་ལས་དོ་དམ་སྲུང་སྐྱོབ་མི་སྣ་ཞིག་ཏུ་གྱུར་ཡོད། ཟླ་རེར་ཡོང་འབབ་སྒོར3500ཡོད། ཁྱིམ་གྱི་སྔོ་ལུང་རོང་དུ་རྩྭ་ཐང་མུའུ2400ཡོད་པས་ལོ་ལྟར་རྩྭ་གསབ་བྱེད་ཀྱི་ཡོད་པས་འཚོ་བ་ལ་གནད་དོན་མེད”ཅེས་བསྟན་འཛིན་གྱིས་གྲོང་རྡལ་དུ་གློག་དང་ཆུ་སྤྱོད་པ་དང་ཉོ་སྒྲུབ་ཚང་མ་སྔོན་ཆད་ལས་སྟབས་བདེ་རུ་ཕྱིན་ཡོད་ཟེར།
བསྟན་འཛིན་ལ་ད་དུང་མཐོ་རིམ་སློབ་འབྲིང་ལོ་གཅིག་ཏུ་སློབ་སྦྱོང་བྱེད་བཞིན་པའི་ཕྲུ་གུ་ཞིག་ཡོད་པས་སློབ་ཡོན་རིན་མེད་ལ་འཚོ་བའི་ཁ་གསབ་ཀྱང་ཐོབ་སྲིད།“རང་ཉིད་ཀྱིས་འཚོ་བའི་གྲོན་དངུལ་ཏོག་ཙམ་སྤྲོད་དགོས་པས་གཞི་རྩའི་ཐོག་སེམས་ཁྲལ་བྱེད་མི་དགོས”ཅེས་བཤད།
བསྟན་འཛིན་གྱིས་སྔོན་ཆད་རང་རང་གི་རྩྭ་ར་དང་ནོར་ལུག་མང་པོ་ཞིག་སྲུང་སྐྱོབ་བྱས་ནས་འབྲོག་ཁུལ་དུ་མི་ཚེ་གང་བོར་སྡོད་ཐུབ་སྙམ་མོད། འོན་ཀྱང་ད་ལྟ་རང་ཉིད་ད་དུང་ནགས་ཚལ་དང་རྩྭ་ཐང་དོ་དམ་སྲུང་སྐྱོབ་དང་རྨ་ཆུ་སྲུང་སྐྱོབ་གི་ལས་ཀའི་ནང་ཞུགས་ཐུབ་པར་བསམ་ཡུལ་ལས་འདས་པ་ཞིག་རེད།
“སྔོན་ཆད་རྨ་ཆུའི་སྲུང་སྐྱོབ་ཐད་ངོས་འཛིན་མ་བྱས་མོད། ད་ལྟ་གད་སྙིགས་སྒྲུག་པ་ནས་ཤིང་སྡོང་འཛུགས་པའི་བར་ང་དང་ཆུང་མ་ཚང་མ་དེའི་ནང་ཞུགས་བཞིན་ཡོད། གད་སྙིགས་སྒྲུག་རྒྱུ་ཁོ་ན་ཡིན་ནའང་རྨ་ཆུའི་སྲུང་སྐྱོབ་གི་རིགས་ཤིག་ཡིན་པ་ཤེས་ཡོད། ང་ཚོའི་ལས་སླ་མོ་དེས་སྤྱི་ཚོགས་ལ་ལེགས་སྐྱེས་ཕུལ་བཞིན་ཡོད”ཅེས་བསྟན་འཛིན་གྱིས་བཤད་རྒྱུར། ད་ལྟ་འབྲོག་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་ཀྱང་ཧ་ཅང་ཡག་པོ་བྱས་ཡོད་པས་ཚང་མས་ཁོར་ཡུག་ལ་གཅེས་སྐྱོང་བྱེད་དགོས་པ་ཤེས་ཡོད་པས། ནགས་ལས་དོ་དམ་སྲུང་སྐྱོབ་པ་ཡིན་པའི་རང་ཉིད་ཀྱིས་ཀྱང་འགན་འཁྲི་ཡག་པོ་བསྒྲུབས་ནས། རྨ་ཆུའི་སྲུང་སྐྱོབ་དང་ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ནུས་པ་འདོན་རྒྱུ་ཡིན་ཟེར། །