ཟླ9པའི་ཚེས22ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་གྲོང་སྐོར་ནུབ་ལམ་དུ། ལམ་ངོས་གཙང་བཤེར་བྱེད་བཞིན་པའི་ཁོར་ཡུག་འཕྲོད་བསྟེན་གྱི་ལས་བཟོ་པས་གསར་འགོད་པར་བཤད་རྒྱུར། ད་ལྟ་ལམ་ངོས་སུ་གང་འདོད་དུ་གད་སྙིགས་གཡུག་མཁན་ཧ་ཅང་ཉུང་ལ། སྲང་ལམ་དུ་བཞག་པའི་གད་སྙིགས་སྒམ་ནི་མཛེས་བཟོ་ཙམ་མ་ཡིན་པར། གཅིག་གྱུར་གྱིས་གཙང་བཤེར་བསྡུ་ལེན་དང་སྐྱེལ་འདྲེན་བྱས་པས། གད་སྙིགས་སྣ་ཚོགས་ཐག་གཅོད་ནུས་ལྡན་བྱེད་ཐུབ་ལ་གྲོང་ཁྱེར་གྱི་ཁོར་ཡུག་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཟེར།
ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་བཅོས་སྐྱོང་སྤེལ་བ་ནས་བཟུང་། མགོ་ལོག་ཁུལ་གྱིས་སྣ་མང་ཅན་གྱི་དངུལ་གཏོང་དང་སྡེ་ཁག་མང་པོའི་ཐོན་ཁུངས་ཧྲིལ་བསྡུས་བྱས་ཏེ། གད་སྙིགས་བསྡུ་སྐྱེལ་ནུས་པ་ཆེ་རུ་ཕྱིན་པ་མ་ཟད། སྟབས་བདེ་བའི་སྒོ་ནས་གད་སྙིགས་ས་འོག་ཏུ་སྦས་པ་དང་མེར་བསྲེག་པ། དྲོད་ཚད་མཐོ་བའི་དབྱེ་འབྱེད་ཞོར་དུ་སྣ་མང་ཅན་གྱི་ཐག་གཅོད་རྣམ་པ་ཆགས་པ་དང་། འཚོ་བའི་གད་སྙིགས་འཕེན་སའི་ར་བ10ཡིས་ཉིན་རེར་ཐག་གཅོད་བྱེད་ཚད་ཏུན136.28ཟིན་ཡོད། གཅིག་སྒྲིལ་དང་པད་མ། རྨ་ཆེན། དར་ལག་བཅས་རྫོང་བཞིས་གད་སྙིགས་ས་འོག་ཏུ་སྦས་ཡུལ་གཉིས་པ་སྤྱོད་མགོ་ཚུགས་པ་དང་། མཁར་གྲོང་དུ་ས་འོག་ཏུ་སྦས་ཡུལ21བསྐྲུན་ལ། ཞིང་སྡེ་རུ་མེར་བསྲེག་ས་ཆུང་གྲས23དང་དྲོད་ཚད་མཐོ་བའི་དབྱེ་འབྱེད་སྒྲིག་ཆས8བཀོད་སྒྲིག་བྱས་པས། རྨ་ཆེན་རྫོང་གིས་ཐོག་མར་ཟ་ཁང་དང་ཐབ་ཚང་གི་སྙིགས་རྫས་བསྡུ་ལེན་སྒྲིག་ཆས་བསྐྲུན། ཨར་ལས་འཛུགས་སྐྲུན་གྱི་གད་སྙིགས་ཡོད་པའི་གནས4ནས་སླར་ཡང་བེད་སྤྱོད་དང་བསྡུ་ལེན་བྱེད་ས་བརྟན་པོའི་ངང་འཁོར་སྐྱོད་བྱེད་བཞིན་ཡོད་པ་དང་། དགའ་བདེ་རྫོང་གིས་ཁེ་ལས་ཀྱིས་བཀོལ་བའི་སོ་ཕག་ཕྱེ་མར་འཐག་པའི་བཟོ་རྩལ་ནང་འདྲེན་བྱས་ཏེ། ཉིན་རེར་ཏུན100ལྷག་ཐག་གཅོད་བྱེད་བཞིན་ཡོད། རྨ་སྟོད་རྫོང་གིས་མ་དངུལ་སྒོར་ཁྲི600བཏང་ནས་གནོད་མེད་ཐག་གཅོད་སྒྲིག་ཆས་ལས་གཞི་ཡོངས་འགྲུབ་བྱས་ཡོད་པ་དང་། སོ་ཕག་ཕྱེ་མར་འཐག་སྟེ་སོ་ཕག་གྲུ་བཞི་སོགས་ཨར་ལས་རྒྱུ་ཆ་དབྱེ་འབྱེད་བྱས་ནས་ཐོན་སྐྱེད་བྱེད་བཞིན་ཡོད། དར་ལག་རྫོང་གིས་ཁེ་ལས་ཀྱི་འཛུགས་སྐྲུན་གད་སྙིགས་ཕྱེ་མར་འཐག་རྗེས་སོ་ཕག་ཁོག་སྟོང་དང་ཚོན་ལྡན་སོ་ཕག་ཐོན་སྐྱེད་བྱེད་བཞིན་ཡོད། པདྨ་དང་གཅིག་སྒྲིལ་རྫོང་གཉིས་ཀྱིས་ཆེད་སྤྱོད་སྤུང་གསོག་ཚད་ལྡན་དོ་དམ་གནས་བཙུགས་ཡོད། རྨ་ཆེན་རྫོང་གིས་གད་སྙིགས་གཙང་སེལ་ར་བ་དང་ཐོན་ཁུངས་རང་བཞིན་གྱི་བེད་སྤྱོད་སྒྲིག་ཆས་ཉོ་སྒྲུབ་བྱས་པ་དང་། བཟོ་གྲྭའི་གླིང་ཁུལ་འཛུགས་སྐྲུན་བྱས་ནས། ཉིན་རེའི་གད་སྙིགས་ཐག་གཅོད་ནུས་པ་ཏུན600ཡི་ཚད་དུ་གསར་འཕར་བྱུང་།
དུས་མཉམ་དུ། སྨན་བཅོས་ལས་ཁུངས118ཀྱི་བསྡུ་གསོག་གདུབ་ཟུམ་མ་ལག་འཛུགས་གྲུབ་བྱས། མཚོ་སྔོན་ཞིང་ཆེན་བཟོ་ལས་སྲ་གཟུགས་བེད་མེད་དངོས་རྫས་དྲ་ཐོག་གཞི་གྲངས་ཆེན་མོའི་མ་ལག་གི་སྟོབས་ཤུགས་གཡར་ནས། ཁོར་ཡུག་སྦག་བཙོག་གི་ཉེན་ཁའི་ཚད་ཕན་ཡོད་ཀྱིས་ཇེ་དམའ་རུ་བཏང་། བཅོས་སྒྱུར་རྒྱ་སྐྱེད་པར་བརྟེན་ནས། བཙོག་ཆུ་ཐག་གཅོད་བཟོ་གྲྭ་མང་པོའི་ཐག་གཅོད་ནུས་པ་དང་བཙོག་འབུད་ཚད་གཞི་ཆ་སྙོམས་ཀྱིས་མཐོར་འདེགས་བྱུང་ནས། 2024ལོའི་ལོ་མཇུག་ཏུ། མཁར་གྲོང་གི་བཙོག་ཆུ་ཐག་གཅོད་བྱས་ཚད91.94%ལ་སླེབས་པ་དང་། འཛུགས་སྐྲུན་ཁུལ་དུ་བཙོག་ཆུ་དྲི་མ་ཅན་མེད་པས། ཆུའི་ཁོར་ཡུག་གི་སྤུས་ཚད་གཞི་རྩའི་ཆ་ནས་ཇེ་ལེགས་སུ་ཕྱིན་ཡོད། །