ཟླ9པའི་ཚེས24ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས་ནས་ཤེས་གསལ་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ8པའི་བར་མཚོ་བྱང་སྤུས་ལེགས་ཐོན་རྫས་ཞིང་ཆེན་ཕྱི་ནང་གི་ཕྱིར་ཚོང་སྒོར་ཁྲི32409.49ཟིན་པ་དེ་དུས་མཚུངས་ལས60.6%འཕར་ཡོད།
མཚོ་བྱང་ཁུལ་གྱིས“ཁུལ་རིམ་པའི་གཅིག་གྱུར་འཆར་འགོད་མཐུན་སྦྱོར་དང་། རྫོང་རིམ་པའི་རྩ་འཛུགས་ལག་བསྟར། སྡེ་ཁག་མང་པོ་མཐུན་སྦྱོར། གཙོ་གཟུགས་མང་པོ་མཉམ་འགྲུལ”གྱི་ཚོང་འགུགས་རྣམ་པ་གསར་པ་བཙུགས་ནས་པེ་ཅིན་དང་ཧྲན་ཏུང་སོགས་སུ་བསྐྱོད་ནས་ཚོང་འགུགས་བྱེད་སྒོ་ཐེངས་མང་པོ་སྤེལ་བ་དང་། ཁེ་ལས40དང་འབྲེལ་མཐུད་བྱས་ནས་གན་རྒྱ་བཞག་པའི་མ་དངུལ་སྒོར་དུང་ཕྱུར175.9ཟིན་ནས། ཉེ་བའི་ལོ་བཅུའི་རིང་གི་དུས་ཚིགས་རྐྱང་མའི་མཐོ་ཤོས་གསར་གཏོད་བྱས་པ་དང་། གསར་དུ་མུ་མཐུད་སྐྲུན་པའི་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར8.38ཟིན་པ་དེ་དུས་མཚུངས་ལས་ལྡབ2.9འཕར་ཡོད། དུས་ཆེན་དང་། འགྲན་དོན། ཡུལ་སྐོར་གྱི་དུས་ཚིགས་བཅས་ལ་བརྟེན་ནས་ཕྱུགས་རིགས་སྤུས་ལེགས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་གཉེར་ནས་དྲ་ཐོག་དང་ཡུལ་དངོས་ནས་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་མཐོ་རུ་བཏང་ཡོད། “པད་ཁ་མེ་ཏོག་དང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་ལྟ་རྒྱུ”སོགས་འཛད་སྤྱོད་སྐུལ་འདེད་བྱེད་སྒོ་ཧུར་ཐག་གིས་སྤེལ་བ་དང་། ཁུལ་ཡོངས་ཀྱི་གཉེར་སྐྱོང་གཙོ་གཞི200ལྷག་གི་འཛད་སྤྱོད་སྐུལ་འདེད་བྱེད་སྒོའི་ནང་ཞུགས་པར་སྒྲིག་འཛུགས་བྱས་པ་དང་། འཛད་སྤྱོད་འཛིན་ཤོག་ཁྲི4.62ལྷག་ཙམ་སྤྲད་པ་དང་། བསྡོམས་པས་སྒོར་ཁྲི778.5འཛད་སྤྱོད་བྱེད་པར་སྐུལ་ཁྲིད་བྱས།
ཧྲན་ཏུང་གི་ཁ་གཏད་རོགས་སྐྱོར་སྟོབས་ཤུགས་ལ་བརྟེན་ནས་ཐོན་སྐྱེད་དང་ཕྱིར་ཚོང་སྦྲེལ་མཐུད་ལམ་སྲོལ་བཙུགས་ཏེ། ཁུལ་ཡོངས་ཀྱིས་ཐོན་ལས་རོགས་སྐྱོར་རྣམ་གྲངས22ལག་བསྟར་བྱས་ཏེ་སྒོར་དུང་ཕྱུར1.8བཏང་བ་དང་། ཞིང་ཆེན་ཕྱི་རོལ་གྱི“ས་གནས་གསུམ་དང་ཚོང་སྒྲོམ་བརྒྱ”50དང་དེ་བཞིན་འགྲེམས་ཚོང་ལྟེ་གནས་དང་བཟའ་བཏུང་མུ་འབྲེལ་ཚོང་ཁང་སོགས་བཙུགས་ཤིང་། སྟེགས་བུ་དེ་བརྒྱུད་ཐོན་སྐྱེད་དང་ཕྱིར་ཚོང་རྣམ་གྲངས10ལྷག་ཙམ་ལ་གན་རྒྱ་བཞག་ནས་འཛད་སྤྱོད་རོགས་སྐྱོར་དངུལ་གྲངས་སྒོར་དུང་ཕྱུར1.13ལ་སླེབས་ཡོད། དེ་དང་ཆབས་ཅིག་མཚོ་བྱང་ཁུལ་གྱི“མདོ་ལ་རི་བོའི་འོག་གི་འབྲོག་ར་བཟང་པོའི”ས་ཁོངས་ཀྱི་སྤྱི་སྤྱོད་ཟོང་རྟགས་ཀྱི་ཤུགས་རྐྱེན་མུ་མཐུད་ཆེ་རུ་ཕྱིན་པ་དང་།“མོན་ཡོན་པད་ཁ་ཆུང་བ”དང“མདོ་ལའི་ལུག”སོགས་ཐོན་རྫས་མང་པོ་རྒྱལ་ཁབ་རིམ་པའི་ཟོང་རྟགས་དཀར་ཆག་ནང་བདམས་པ་དང་ཡང་ན་མིང་གྲགས་ཁྱད་སྤུས་ཞིང་ལས་ཐོན་རྫས་གསར་པར་གདེང་འཇོག་བྱས་པ་དང་། རང་བྱུང་རྩྭ་ཐང་སྤྱི་ཆིང་ཁྲི195.333དང་བོད་ལུག་དང་འབྲི་གཡག་ཁྲི216སྐྱེ་ལྡན་ལྟ་ཞིབ་ཚད་ལེན་ར་སྤྲོད་བྱས་པ་དང་། ཤའི་ཐོན་རྫས6ལ་ཤང་ཀང་གི་སྤུས་ལེགས་དཔང་རྟགས་དང་རྒྱལ་སྤྱིའི་ཟས་རིགས་བདེ་འཇགས་མ་ལག་གི་དཔང་རྟགས་ཐོབ་པ་རེད། །