གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་ཉམས་གསོ་དམ་འཛིན་བྱས་ནས་སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལཁྲི་ཀ་རྫོང་དུ་གནས་པའི་ནུང་ཁྲུན་ཆུ་བོ་ནི་རྨ་ཆུའི་ཁྲི་ཀ་མངའ་ཁོངས་ཀྱི་རིམ་པ་དང་པོའི་ཆུ་ལག་ཅིག་ཡིན། དེ་སྔའི་ནུང་ཁྲུན་གཙང་པོའི་ཆུ་ལམ་བཀག་ནས་རྙོག་ཆུ་ངོགས་སུ་བཙན་འཛུལ་བྱས་མོད།ད་ཆ་སྐྱེ་ཁམས་ཉམས་གསོ་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་ཆུ་བོའི་སྐྱེ་ཁམས་མ་ལག་རིམ་བཞིན་སླར་གསོ་བྱུང་བ་དང་ཆུའི་སྤུས་ཚད་ལེགས་སུ་ཕྱིན་ནས་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་སྔར་བས་བདེ་སྐྱིད་ལྡན་པར་གྱུར་ནས་ས་གནས་དེ་གའི་གྲོང་མིར་མཛེས་སྡུག་ལྡན་པའི་འཚོ་བའི་ཁོར་ཡུག་བསྐྲུན་པར་མ་ཟད།ད་དུང་འབྲེལ་ཡོད་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གསར་བ་ཞིག་ཏུ་གྱུར་ཡོད། 

ནུང་ཁྲུན་གཙང་པོའི་འགྱུར་ལྡོག་ནི་དོན་དངོས་ཐོག་མཚོ་སྔོན་གྱིས་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་ལག་བསྟར་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་རེད། སྔ་ཕྱི་བར་གསུམ་དུ་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་སྔོན་ལ་བཞག་ནས་གཙོ་གནད་ས་ཁོངས་ཀྱི་ཚད་བརྒལ་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་ཧྲིལ་པོ་ལེགས་སུ་གཏོང་རྒྱུར་སྐུལ་ཁྲིད་བྱེད་ཀྱི་ཡོད། གཙང་པོ་གསུམ་གྱི་ཁུངས་ས་ཁུལ་དུ།ཕྱུགས་རིགས་ཕྱིར་འཐེན་བྱས་ནས་རྩྭ་ཐང་དུ་བསྐྱལ་བ་དང་།ས་ནག་གྲམ་ཐང་བཅོས་སྐྱོང་བྱས་པ་བརྒྱུད།སྔོན་ཆད་ཕྱིར་མངོན་པའི་ས་ཞིང་ལ་སླར་ཡང་སྔོ་གདན་ལྗང་མདོག་གྱོན་པ། མཚོ་སྔོན་མཚེའུ་རུ་འདམ་ས་སྲུང་སྐྱོང་དང་བྱེ་འགྱུར་ས་ཆ་བཅོས་སྐྱོང་བྱས་པ་བརྒྱུད།ད་ཆ་མཚེའུ་ཆུའི་རྒྱ་ཁྱོན་ལོ་རེ་བཞིན་ཆེ་རུ་ཕྱིན་པ་དང་།ཉ་ཧོང་སྤོས་ཀྱི་འགྲོ་ལམ་ཇེ་ཆེར་འགྲོ་བཞིན་ཡོད། ཆི་ལན་རི་བོའི་མཚོ་སྔོན་ཁུལ་དུ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་དང་ནགས་ཚལ་གསོ་སྐྱོང་བྱས་པ་བརྒྱུད་འབྲོག་པའི་རྩྭ་རའི་ས་རྒྱུ་སྔར་བས་གཤིན་ཞིང་སྤུས་ལེགས་ཀྱི་ཕྱུགས་རྩྭ་ཁེབས་ཚད་ཇེ་ཆེར་འགྲོ་བཞིན་ཡོད། 

 

གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་ནི་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ནུས་ལྡན་གྱི་ལག་པ་ཞིག་ཡིན། དམིགས་སའི་རང་བཞིན་གྱི་བྱེད་ཐབས་རབ་དང་རིམ་པ་ལག་ལེན་བསྟར་བ་དེས་སྐྱེ་ཁམས་ཉམས་ཞན་དུ་འགྲོ་བའི་འཕེལ་ཕྱོགས་རིམ་བཞིན་འགྱུར་ལྡོག་བཏང་བ་མ་ཟད།གནོད་སྐྱོན་ཐེབས་པའི་སྐྱེ་ཁམས་མ་ལག་གི་གསོན་ཤུགས་རིམ་བཞིན་སླར་གསོ་ཐུབ་པ་མ་ཟད།ཉེན་ཁ་འགོག་པ་དང་རང་ཉིད་སྙོམས་སྒྲིག་བྱེད་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་མ་ཟད།སྐྱེ་ཁམས་ཤེས་རིག་གི་མཐོ་ས་འཛུགས་སྐྲུན་ལ་“བཀག་འགོག་”བརྟན་པོ་བཟོས་ནས་མཚོ་སྔོན་གྱི་སྐྱེ་ཁམས་ལེགས་ཆ་“མངོན་མེད་”ནས“མངོན་གསལ་དོད་པོ་”དུ་གྱུར་ཡོད། སྤུས་ལེགས་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བའི་སྐྱེ་ཁམས་ཡུལ་སྐོར་ཡིན་ནའང་འདྲ།སྐྱེ་ཁམས་སྲུང་སྐྱོང་དང་མཐུན་པའི་ཁྱད་ཆོས་ཐོན་ལས་ཡིན་ནའང་འདྲ།སྐྱེ་ཁམས་ཉམས་གསོ་བྱེད་པའི་རྨང་གཞིའི་ཐོག་རིམ་བཞིན་དར་ནས་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་མཉམ་འགུལ་བཟང་པོ་མངོན་འགྱུར་བྱས་ཏེ།ས་གནས་དེ་གའི་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོང་ཁྲོད་དངོས་ཡོད་ཀྱི་ཕན་འབྲས་ཐོབ་ཐུབ་པ་མ་ཟད།མཚོ་སྔོན་གྱི་དཔལ་འབྱོར་གྲུབ་ཆ་ལྗང་མདོག་དང་།ཐཱན་ཉུང་བ།རྒྱུན་མཐུད་བཅས་ཀྱི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ།སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་ལ་སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཉིས་ཀ་ལྡན་དུ་འཇུག་དགོས། 

མཚོ་སྔོན་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་འགོག་སྲུང་གལ་ཆེན་ཞིག་ཡིན་པའི་ཆ་ནས།སྐྱེ་ཁམས་གཙོ་གནད་ས་ཁོངས་སྲུང་སྐྱོང་དང་ཉམས་གསོ་ཡག་པོ་བྱ་རྒྱུ་ནི་སྐྱེ་ཁམས་མ་ལག་ཧྲིལ་པོ་སྲུང་སྐྱོང་བྱེད་པའི་སྲོག་རྩ་གནས་ས་ཡིན།ས་ཁོངས་དེ་དག་ནི་ཆུ་ཁུངས་གསོ་སྐྱོང་གི་ལྟེ་བའི་ཁུལ་དང་།སྐྱེ་དངོས་སྣ་མང་རང་བཞིན་གྱི་ཕུན་སུམ་ཚོགས་པའི་ས་ཁུལ།ཡང་ན་གནོད་འཚེ་འགོག་པའི་མདུན་ཕྱོགས་ཀྱི་གཡུལ་ས་བཅས་ཡིན། “ཡུན་རིང་ལ་བྱས་རྗེས་འཇོག་པའི”ངར་ཤུགས་ལ་བརྟེན་ནས་རྒྱུན་ཆད་མེད་པར་སྲིད་ཇུས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ།ལག་རྩལ་བྱ་ཐབས་གསར་གཏོད་བཅས་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་སྐྱེ་ཁམས་ལྟེ་བའི་ཁུལ་གྱི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་།མཚོ་སྔོན་གྱི་སྐྱེ་ཁམས་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བའི་ཐབས་ལམ་སྔར་ལས་བདེ་བླག་ཡོང་བ་བྱས་ན།ད་གཟོད་“སྲུང་སྐྱོང་ཁྲོད་འཕེལ་རྒྱས་གཏོང་བ་དང་།འཕེལ་རྒྱས་ཁྲོད་སྲུང་སྐྱོང་བྱེད་པའི”འཁོར་སྐྱོད་བཟང་པོ་ཆགས་པ་དང་།སྐྱེ་ཁམས་ཀྱིས་དམངས་ལ་ཕན་པ་ཐོབ་པའི་གྲུབ་འབྲས་དེ་མཚོ་སྔོན་གྱི་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པ་དང་།“མི་ཚང་མས་སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་ཀྱིས་མི་ཚང་མར་ཕན་པ་ཐོབ་པའི”འདུ་ཤེས་སྔར་བས་མི་སེམས་སུ་གཏིང་ཟབ་ཏུ་ཟུག་པར་སྐུལ་འདེད་བཏང་སྟེ།སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་སྔར་ལས་སྟོབས་ལྡན་གྱི་མཉམ་སྡེབ་སྟོབས་ཤུགས་གཅིག་སྒྲིལ་བྱེད་ཐུབ། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།