དཔུང་སྡེ་གསོ་སྐྱོང་བྱས་ཏེ་འཕེལ་རྒྱས་ཀྱི་འདབ་ལག་རྒྱས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

རི་དང་མཚོ་མོས་བར་ཐག་བཅད་ཀྱང་། ཅང་སུའུ་དང་མཚོ་སྔོན་གྱི་བརྩེ་བ་ཤིན་ཏུ་ཟབ།

མཚོ་ལྷོ་ཁུལ་ལ་དྭངས་གཙང་ནུས་ཁུངས་དང་། ཁྱད་ལྡན་ཞིང་ཕྱུགས། རིག་གནས་ཡུལ་སྐོར་སོགས་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད། ཅང་སུའུ་རོགས་སྐྱོར་ཚོགས་པས“མཚོ་སྔོན་ལ་ཅི་མཁོ་ཅང་སུའུ་ཡིས་གང་ནུས་བྱེད”ཅེས་པར་རྐང་བཙུགས་ནས། ཐོན་ལས་མཉམ་ལས་དེ“སྦྲེལ་ཐག་སྲིང་བ་དང་ཁ་གསབ་དང་སྟོབས་ལྡན”དུ་གཏོང་བའི་ཕྱོགས་སུ་རིམ་པ་སྤོར་བར་སྐུལ་འདེད་བཏང་སྟེ། མཚོ་ལྷོ་ཁུལ་གྱི“གནས་བཞི”འཛུགས་སྐྲུན་ལ་རོགས་འདེགས་བྱས།

གྲངས་ཀའི་དཔེ་མཛོད་ཁང་དུ། མཚོ་ལྷོ་ཁུལ་གྱི་གཞོན་ནུ་ཚོས་ཆིན་ཧོའེ་གཙང་པོའི་རིག་གནས་ལ་རྒྱུས་ལོན་བྱེད་ཐུབ་ཅིང་། ཐད་གཏོང་ཁང་དུ། ནོར་ལུག་གི་ཤ་ཅང་སུའུ་ཡི་ཚོང་མགྲོན་གྱིས་འཕྲོག་ཉོ་བྱས་ནས་བཙོངས་ཚར་བ་དང་། ཅང་ཉིང་མཐོ་འབྲིང་གི་མཚོ་ལྷོའི་འཛིན་གྲྭའི་སློབ་བུ་ཚོས་ལང་ཚོའི་ཕུགས་བསམ་གྱི་ལེའུ་ཞིག་འབྲི་བཞིན་ཡོད།

མཚོ་ལྷོ་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་རྩལ་ནུས་གསོ་སྦྱོང་ལས་གཞི་ལས་བོད་ཀྱི་གཙག་དྲུབ་བཟོ་རྩལ་འགྲན་སྡུར།

2023ལོའི་ཟླ7པའི་ཚེས18ཉིན། མཚོ་ལྷོ་ཁུལ་གྱི་གྲངས་ཀའི་དཔེ་མཛོད་ཁང་དངོས་སུ་སྒོ་ཕྱེ། ཧྭ་ཝེའི“སྤྲིན་རྩིས”དང5Gལག་རྩལ་མཉམ་འདྲེས་ཀྱི་རིག་གནས་ས་ཁམས་མཚོན་རྟགས་ཀྱིསVRའམXRལག་རྩལ་ལ་བརྟེན་ནས།དབྱིངས་ཞུགས་རྣམ་པའི་དཔེ་ཀློག་ལྗོངས་རྣམ་བསྐྲུན་ཏེ། ཅང་སུའུ་དང་མཚོ་སྔོན་གྱིས་མཉམ་ལས་བྱེད་པའི་བློ་གྲོས་ཀྱི་མཚོན་རྟགས་སུ་གྱུར།

2024ལོའི་ཟླ10པར། “ཅང་སུའུ་ཡི་ཨོ་རྩལ་ལུས་རྩལ་པ་མཚོ་ལྷོར་བསྐྱོད་པ”ཞེས་པའི་བྱ་འགུལ་མགོ་བརྩམས། ཨོ་རྩལ་ཁྲོད་ཨང་དང་པོ་ཐོབ་མཁན5ནི་སློབ་གྲྭ་དང་། རིག་གནས་ཁང་། མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་གནས་བཅས་སུ་སོང་ནས། མི་རིགས་ཀྱི་གཞས་མཉམ་དུ་བཏང་ཞིང་། ལུས་རྩལ་གྱི་སྙིང་སྟོབས་ལ་བརྟེན་ནས་མཐུན་སྒྲིལ་གྱི་ཨ་ལོང་སྦྲེལ།

“ལག་རྡང་གཅིག་ཏུ་སྦྲེལ་ནས་གཟི་དཔལ་མཉམ་དུ་ངོམ”ཞེས་པ་དང“ཕུགས་འདུན་ཁང་ཆུང”སོགས་ཀྱི་ལས་གཞིས་སློབ་གྲྭ་ཆུང་འབྲིང་གི་སློབ་མ2000ལྷག་ལ་ཕན་བཏགས་པ་དང་། སྨྱན་བྱད་གསར་པའི་སྤྱི་སྐད་ཁྱབ་སྤེལ་བརྙན་ཐུང་དག་འཁྱུག་དབྱིངས་དང་། Bས་ཚིགས་སོགས་ཀྱི་སྟེགས་བུར་བརྒྱུད་གཏོང་བྱས་ཏེ།རིག་གནས་ཀྱི་གྲུབ་འབྲས་སྔར་ལས་མང་བའི་མི་ཚོགས་ཀྱིས་ལོངས་སྤྱོད་ཐུབ་པར་བྱས།

བློ་གྲོས་རིག་གནས་ཡུལ་སྐོར་ནས་གྲངས་ཀའི་རིག་གནས་བར། ས་ཆ་གཉིས་ཀྱིས་གསར་གཏོད་གཞི་རྟེན་དུ་བཟུང་ནས། མཉམ་ལས་ནི་ཐོན་ཁུངས་རོགས་སྐྱོར་ནས་གཏིང་ཟབ་མཉམ་འདྲེས་སུ་རིམ་པ་སྤར་བར་སྐུལ་འདེད་བཏང་། ཐོན་ལས་རོགས་སྐྱོར་གྱི་མ་དངུལ་རྒྱུན་ཆད་མེད་པར་མཚོ་ལྷོ་ཁུལ་གྱི་འདེབས་འཛུགས་ལས་རིགས་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས། གྲོང་གསེབ་ཁྱད་ལྡན་ཐོན་ལས། གྲངས་ཀའི་ཞིང་ལས་སོགས་གཙོ་གནད་ཁྱབ་ཁོངས་སུ་བཏང་ནས། མཚོ་ལྷོ་ཁུལ་དུ“ཅང་སུའུ་རོགས་སྐྱོར”གྱི་ཐོན་ལས་ཀྱིས་ལྷུ་ཚིགས་ཡོངས་རྫོགས་མཐོར་འདེགས་དང་། སྦྲེལ་ཐག་ཡོངས་རྫོགས་རིན་འཕར། ཐོན་ལས་ཡོངས་རྫོགས་མཉམ་འདྲེས་བཅས་བྱེད་ཐུབ་པ་བྱུང་།

“མཚོ་སྔོན་ལྗང་མདོག་རྩིས་ནུས་ཐོན་ལས་ཚོང་འགུག་དངུལ་འདྲེན་བཞུགས་མོལ་ཚོགས་འདུ”འཚོགས་ཏེ། ཏེ་ཧེན་རྩིས་ནུས་དང་། ཧྥུ་པུན་ཚན་རྩལ་སོགས་རྩིས་ནུས་ལྟེ་གནས་ལས་གཞི་ནང་འདྲེན་བྱས་ཤིང་། མཚོ་ལྷོ་ཁུལ་གྱི“གཞི་གྲངས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ”ཡི་བྱ་བའི་གྲུབ་འབྲས་འབུར་དུ་ཐོན་པ་བླངས་ནས། མཚོ་སྔོན་ཞིང་ཆེན་གྱི་ཁྱབ་སྒྲོག་གཟེངས་བསྟོད་ཐོབ་པ་དང་། ཁོ་ཁའེ(ནན་ཐུང)ཚེ་སྲོག་ཚན་རིག་ཚད་ཡོད་ཀུང་སི་དང་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་གཞིར་མིང་རྟགས་བཀོད་དེ། མཚོ་ལྷོ་ཁུལ་གྱིས་རྒྱལ་ཁབ་ཀྱི་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཕྱོགས་ལ་ཐོན་ལས་ཀྱི་བྱས་རྗེས་གསར་པ་བཞག

དྭངས་གཙང་ནུས་ཁུངས་ཀྱི་ཐད་ནས། ཅང་སུའུ་ཁེ་ལས་དང་མཚོ་ལྷོ་ཁུལ་གྱིས“རླུང་ནུས་འོད་ནུས་གསོག་ནུས་ཆིང་ནུས”བཅས་གཞི་གཅིག་ཅན་གྱི་རྟེན་གཞི་མཉམ་དུ་བསྐྲུན། སུའུ་ཀྲོའུ་ཀྲུང་ལའེ་མ་རྐང་གིས་མཚོ་ལྷོ་ཁུལ་དུ་སྒོར་དུང་ཕྱུར150བཏང་སྟེ་འོད་ཧྥུ་ལྷུ་ལག་ཐོན་སྐྱེད་མ་ལག་བསྐྲུན་པ་དང་། ལོའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར100ལ་སླེབས་ཤིང་། ལས་ཞུགས་པ2000ལ་སྐུལ་ཁྲིད་བྱས།

ཁྱད་ལྡན་ཞིང་ཕྱུགས་ཀྱི་ཐད་ནས། ཅང་སུའུ་ཡིས་མཚོ་ལྷོ་ཁུལ་ལ་རོགས་འདེགས་བྱས་ཏེ“མཚོ་སྔོན་རྟགས་ཅན”གྱི་ཟོང་རྟགས་བསྐྲུན་རོགས་བྱས་ཏེ། “མཚོ་སྔོན་ཞིང་ཕྱུགས་ཐོན་རྫས་ཅུང་སུའུ་འགྲེམ་ཚོང་ལྟེ་གནས”མཉམ་དུ་བསྐྲུན་པ་དང་། ལོ་གཅིག་གི་ཕྱིར་འཚོང་མ་དངུལ་སྒོར་དུང་ཕྱུར3ལས་བརྒལ་བ་དང་། “མཐོ་སྒང་འབྲོག་ལུག”ལས་སྣོན་ཟབ་མོའི་ཐོན་རྫས་མཉམ་འབྲེལ་གྱིས་སྤེལ་ཏེ། ཟུར་སྣོན་རིན་ཐང་ལྡབ4འཕར།

གྲོང་གསེབ་དར་སྤེལ་གྱི་ཐད་ནས། ལོ་རེར་རྫོང5ཡི་སྲིད་འཛིན་སྡེ་བ30ལ་མཛེས་སྡུག་གྲོང་གསེབ་འཛུགས་སྐྲུན་གྱི་ལས་གཞི་ལག་ཏུ་བསྟར་ཏེ། རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་བྱུང་། བཏུལ་ཐང་གི་འོད་ཧྥུ་ཤེལ་ལེབ་ནས་ཁྲི་ཀའི་རྨ་ཆུ། ཐུན་ཏེའི་རྩྭ་ཐང་གི་ནོར་ཁྱུ་ནས་གུང་ཧོ་རྫོང་མཁར་གྱི་སློབ་ཁང་གི་སྒེའུ་ཁུང་བཅས་ཅང་སུའུ་ཡི་རོགས་སྐྱོར་མཚོ་ལྷོའི་ཡུལ་གྲུ་ཀུན་ལ་མ་ཁྱབ་པ་མེད།

ཐོན་ལས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་དང་། དམངས་འཚོས་མཚོ་སྔོན་ལ་རོགས་སྐྱོར། སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར། འཇོན་མིས་མཚོ་སྔོན་ལ་རོགས་སྐྱོར་བཅས་ཀྱི་བྱ་བ་དུས་མཉམ་དུ་བསྒྲུབས་པས། གཞི་གྲངས་རེ་རེ་དང་། གཏམ་རྒྱུད་རེ་རེ། འཛུམ་མདངས་རེ་རེས། ཅང་སུའུ་དང་མཚོ་སྔོན་བར་གྱི་མཉམ་ལས་ཀྱི་བརྩེ་བ་ཟབ་མོ་མཚོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཀང་གིས་བཤད་པ་བཞིན། “ཅང་སུའུ་རོགས་སྐྱོར་གྱིས་ལས་གཞི་དང་མ་དངུལ་ཁྱེར་ཡོང་བར་མ་ཟད། དེ་བས་ཀྱང་སྔོན་ཐོན་གྱི་འདུ་ཤེས་དང་འཕེལ་རྒྱས་ཀྱི་རིགས་ལམ་ཁྱེར་ཡོང་སྟེ། མཚོ་ལྷོ་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན། ”

བར་ཐག་རི་དང་མཚོ་མོས་བཅད་ཀྱང་། སེམས་པ་མཐུན་ན་བར་ཐག་ཉེ།   འགན་འཁྲི་ཕྲག་ཏུ་ཁུར་ན། འབད་བརྩོན་ལ་གྲུབ་འབྲས་ཡོད། མཚོ་སྔོན་པོའི་འགྲམ་རྒྱུད་དུ་བཞད་པའི་སྐལ་བཟང་མེ་ཏོག་དང་ཅང་ནན་གཙང་འགྲམ་དུ་མ་ལི་ཀའི་མེ་ཏོག་རབ་ཏུ་བཞད་ནས་དྲི་ཞིམ་ཕྱོགས་ཀུན་ཁྱབ་དུས།“ཅང་སུའུ་དང་མཚོ་སྔོན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”གཏམ་རྒྱུད་མུ་མཐུད་དུ་འབྲི་བཞིན་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།