ལོ་སྟོད་དུ་མཚོ་ནུབ་ཁུལ་གྱི་ཞིང་ཕྱུགས་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བྱུང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས1ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ལོ་སྟོད་དུ། མཚོ་ནུབ་ཁུལ་གྱི་ཐོན་ལས་དང་པོའི་འཕར་སྣོན་རིན་གྲངས་སྒོར་དུང་ཕྱུར་གཉིས་བྱེ་བ་དགུ་ས་ཡ་གསུམ་ལ་སླེབས་པ་དང་། དུས་མཉམ་ལས་བརྒྱ་ཆའི་བཞི་དང་གྲངས་ཆུང་བདུན་འཕར་ནས། ཁུལ་ཡོངས་ཀྱི་ཞིང་ཕྱུགས་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བྱུང་ཡོད། སྲིད་ཇུས་དང་ཚན་རྩལ་གྱི་སྒུལ་ཤུགས་འོག ཁྱད་ལྡན་ཐོན་ལས་ཀྱི་སྤུས་ནུས་དུས་མཉམ་དུ་འཕར་ཞིང་། ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་དང་། འཁྱག་ཆུའི་ཉ་ལས་མཚོན་བྱེད་དུ་གྱུར་པའི་གསར་དར་ཐོན་ལས་ཇེ་མང་དུ་སོང་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ནུབ་ཁུལ་གྱིས་འདེབས་འཛུགས་སྒྲིག་གཞི་མུ་མཐུད་ལེགས་སྒྱུར་དང་། ཐོན་འབབ་རྐྱང་བའི་ཆུ་ཚད་ཇེ་མཐོར་བཏང་ནས། སྔོན་ཐོན་ལག་རྩལ་ཤུགས་ཆེན་པོས་ཁྱབ་གདལ་དུ་བཏང་སྟེ། ལོ་སྟོད་ཀྱི་འདེབས་འཛུགས་ཐོན་འབོར་དུས་མཉམ་ལས་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་གཅིག་འཕར། ད་ལོར་མཚོ་ནུབ་ཁུལ་གྱིས་རྨོ་ཞིང་སྲུང་སྐྱོབ་ཁ་གསབ་སྲིད་ཇུས་ཧུར་ཐག་སྒོས་དངོས་འབེབས་བྱས་ཏེ། ཁ་གསབ་དངུལ་སྒོར་བྱེ་བ་བཞི་ས་ཡ་གཅིག་འབུམ་བཞི་ཁྲི་དྲུག་སྟོང་བཞི་བྱིན་ནས། ཞིང་བའི་འདེབས་འཛུགས་ཐད་ཀྱི་ངར་ཤུགས་ཇེ་ཆེར་བཏང་ཞིང་། ཁྱད་ལྡན་ལོ་ཏོག་གི་འདེབས་འཛུགས་སྒྲིག་གཞི་མྱུར་དུ་རྒྱ་བསྐྱེད་པར་སྐུལ་འདེད་བཏང་ལ། དེའི་ཁྲོད་གྲོ་ལི་མའེ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་སྟོང་དྲུག་བཞི་བརྒྱ་ལས་བརྒལ་བ་དང་། དུས་མཉམ་ལས་བརྒྱ་ཆའི་གྱ་དྲུག་འཕར། འཕང་འབྲས་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི་གཉིས་སྟོང་དགུ་དང་བརྒྱའི་མཚམས་སུ་བརྟན་འཇགས་སུ་གནས་ཡོད། སྔོན་དཔག་བྱས་ནས་སིལ་སྐམ་ཐོན་གྲངས་ཏུན་འབུམ་གཅིག་ལྷག་ལ་སླེབས་སྲིད་ཅིང་། འབྲུ་སྣུམ་དང་། གཟན་རྩྭའི་འདེབས་འཛུགས་རྒྱ་ཁྱོན་སོ་སོར་སྤྱི་ཆིང་སྟོང་བདུན་དྲུག་བརྒྱ་དང་། སྤྱི་ཆིང་ཁྲི་གཅིག་སྟོང་གཅིག་ཉིས་བརྒྱར་སླེབས་ཡོད་ལ། དུས་མཉམ་ལས་བརྒྱ་ཆའི་ཉེར་བདུན་དང་གྲངས་ཆུང་བརྒྱད་དང་བརྒྱ་ཆའི་ཞེ་གཅིག་དང་གྲངས་ཆུང་ལྔར་སླེབས་ནས། ཞིང་ཕྱུགས་དཔལ་འབྱོར་འཕར་སྣོན་ཐད་རྨང་གཞི་བརྟན་པོ་བཏིངས་ཡོད།

དུས་མཉམ་དུ། མཚོ་ནུབ་ཁུལ་གྱིས་མཐོ་སྒང་གི་དམིགས་བསལ་ནམ་ཟླ་དང་ཐོན་ཁུངས་དགེ་མཚན་བེད་སྤྱོད་གང་ལེགས་བྱས་ཏེ། གསར་དར་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་བ་དང་།  དྲང་སྲོང་མེ་ཏོག་སོགས་ཀྱི་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་བརྒྱ་དང་ཞེ་དྲུག་གྲངས་ཆུང་རེ་བདུན་ལ་སླེབས་ཤིང་། སྔོན་དཔག་ལྟར་ན་ལོ་ཧྲིལ་བོའི་ཐོན་གྲངས་ཏུན་སྟོང་གཅིག་ལ་སླེབས་ཐུབ། དབྱར་རྩྭ་དགུན་འབུའི་ལོ་ཧྲིལ་བོའི་སྔོག་དཔག་ཐོན་གྲངས་སོ་སོར་ཏུན་སུམ་བརྒྱ་ལྔ་བཅུ་དང་། ཏུན་གཅིག་དང་གྲངས་ཆུང་དགུ་ལྔ་རེད། གཞན་དུས་མཉམ་དུ། ཁམས་གསོའི་ཇ་དང་། སྨན་བཀོལ་དངོས་རྫས་སོགས་ཟུར་སྣོན་རིན་གྲངས་མཐོ་བའི་ཐོན་རྫས་གསར་སྤེལ་ལ་སྐུལ་འདེད་བཏང་སྟེ། ཐོན་ལས་ཕྲེང་འབྲེལ་རྒྱུན་ཆད་མེད་པར་སྟོད་སྨད་རྒྱུད་དུ་ཁྱབ་སྤེལ་བཏང་ནས། རིན་ཐང་ཕྲེང་འབྲེལ་རྒྱུན་མཐུད་མཐོར་འདེགས་བཏང་ཞིང་། ཤིང་མངར་དང་། སྲད་དཀར་སོགས་ཀྲུང་ལུགས་རྩྭ་སྨན་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཉིས་བརྒྱ་རེ་དྲུག་དང་གྲངས་ཆུང་རེ་བདུན་ལ་སླེབས་ནས། གསར་དར་ཐོན་ལས་སྣེ་མང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་མངོན་ཡོད།

གཞན་མཚོ་ནུབ་ཁུལ་གྱིས་ཁྱད་ལྡན་རིན་ཐང་མཐོ་བའི་ཆུ་ཐོན་གསོ་གཉེར་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། རང་ས་གནས་ཀྱི་འཁྱག་ཆུའི་ཉ་ལས་གསོ་གཉེར་ཐོན་ལས་མྱུར་དུ་གསོ་སྐྱོང་བྱས་ཤིང་། ཚྭ་འདམ་ཆེ་བའི་བྱ་གག་མཚེའུའི་གཞི་རྒྱ་ཇེ་ཆེར་གཏོང་བའི་ལས་གཞི་ལག་བསྟར་བྱས་ནས། ཉ་ལས་གསོ་གཉོར་སྒྲིག་གཞི་རྒྱ་བསྐྱེད། ལོ་སྟོད་དུ་ཆུ་ཐོན་གྲངས་འབོར་ཏུན་ཉིས་བརྒྱ་བཅུ་དྲུག་དང་གྲངས་དགུ་ལྔར་སླེབས་ཤིང་། དུས་མཉམ་ལས་བརྒྱ་ཆའི་བཅོ་བརྒྱད་འཕར། དེའི་ཁྲོད། མང་ངེ་གྲོང་ཁྱེར་དང་། ཐེམ་ཆེན་རྫོང་། ཚྭ་འདམ་ཆེ་བ་སྲིད་འཛིན་ཨུ་ཡོན་ལྷན་ཁང་སོགས་ས་ཁུལ་གྱིས་སྡིག་སྲིན་དང་། ཉ་རིགས་སོགས་རིན་གོང་ཅུང་མཐོ་བའི་ཆུ་ཐོན་དངོས་རྫས་སྐུལ་སློང་ནུས་ལྡན་བྱས་པར་བརྟེན། ཉ་ལས་ཀྱི་སྤྱིའི་ཐོན་འབོར་དུས་མཉམ་ལས་བརྒྱ་ཆའི་གོ་གཉིས་དང་གྲངས་ཆུང་བཞི་ལ་སླེབས་ཤིང་། འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམ་ཆུ་ཚད་ཀྱི་བརྒྱ་ཆའི་དོན་གཅིག་དང་གྲངས་གནས་དྲུག་གི་ཡན་ཆད་དུ་སླེབས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།