ད་ལོར། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གིས་སྡེ་བ14རུ་འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་ལག་བསྟར་བྱས་པ་དང་། མིག་སྔར་སྡེ་བ་བདུན་གྱིས་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱས་ཡོད་ལ། སྔོན་དཔག་བྱས་ན་ཟླ8པའི་ཟླ་མཇུག་ཏུ་འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་ལས་འགན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱ་རྒྱུ་རེད།
ཟླ7པའི་ཚེས29ཉིན། ཧུའུ་ཀྲུའུ་རྫོང་ནན་མོན་ཞ་ཡུལ་ཚོ་ཆུ་བཟང་དགོན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧྲང་ཡན་ལན་གྱིས་གདོང་ལ་འཛུམ་གྱིས་ཁེངས་ནས་བཤད་རྒྱུར།“ང་ཚོའི་སྡེ་བར་ཁྱིམ་ཚང223ཡོད་པ་དང་རྫོང་མཁར་དང་བར་ཐག་སྤྱི་ལེ19ཡོད་ལ། སྔོན་ཆད་ཕྱི་རུ་འགྲོ་བར་དཀའ་ལས་ཧ་ཅང་ཆེན་པོ་ཡོད། ད་ལྟ། སྤྱི་ལེ5.2ཡོད་པའི་སྡེ་བའི་སྣུམ་ལམ་ལེགས་འགྲུབ་བྱས་ཡོད་པ་དང་། ལམ་འགྲམ་དུ་ཉི་འོད་ནུས་པའི་གློག་སྒྲོན་གསར་བ82སྒྲིག་སྦྱོར་བྱས་ཡོད་ལ། རླངས་འཁོར་འགྲོ་སྐྱོད་ཧ་ཅང་སྟབས་བདེ་ལ་བདེ་འཇགས་ཡིན་པས། དོན་དག་འདི་དག་གིས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་དངོས་སུ་ཐག་གཅོད་བྱས་ཡོད་ཟེར།
ཧུའུ་ཀྲུའུ་རྫོང་ཞིང་སྡེ་གསར་པ་འཛུགས་སྐྲུན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་མའོ་ཧྲིན་ཅིན་གྱིས་བཤད་རྒྱུར། 2024ལོའི་སྔོན་ལ། མཐོ་སྒང་གི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ལས་གཙོ་བོ་སྡེ་བ་རིམ་པའི་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་དང་། མང་ཚོགས་རིག་གནས་ཀྱི་བྱ་འགུལ་དེ་མཛེས་པའི་རྨང་གཞིའི་སྟེང་འཆམ་མཐུན་འབུར་དུ་དོད་དེ། ཞིང་སྡེའི་སྒྲིག་ཆས་ཀྱི་མི་འདང་སར་དམིགས་ནས། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱས་ཡོད་ཟེར།
2014ལོའི་མཐོ་སྒང་གི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་མགོ་བརྩམས་པའི་ཚུན་ལ། ཧུའུ་ཀྲུའུ་རྫོང་གིས་རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་མཐོ་སྒང་གི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། “སྲིད་གཞུང་གི་གཙོ་ཁྲིད་དང་སྡེ་དམངས་ཀྱིས་མཉམ་འཛུགས། སྤྱི་ཚོགས་ཟབ་ཞུགས། ཕྱོགས་མང་མཉམ་འགུལ”བཅས་ཀྱི་བྱ་བའི་རྐྱེན་སྲོལ་བཙུགས་ནས། མཐོ་སྒང་གི་གྲོང་གསེབ་འཛུགས་སྐྲུན་ལ་རྩ་འཛུགས་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས། 2024ལོའི་ལོ་མཇུག་བར་དུ། རྫོང་ཡོངས་སུ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བཞི་ས་ཡ་བརྒྱད་བཏང་བ་དང་། མཐོ་སྒང་གི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་གྱི་སྡེ་བ246ཏུ་ལག་བསྟར་བྱས་ནས། ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བ་དང་ཝེ་ཡོན་གྲོང་རྡལ་ཀྲ་ཐན་སྡེ་བ་སོགས་ཞིང་ཆེན་ནང་ཁུལ་དུ་སྐད་གྲགས་ཡོད་པའི་མཛེས་སྡུག་བདེ་སྡོད་རྣམ་པའི་སྡེ་བ་ཡོངས་འགྲུབ་བྱས་པ་དང་། རྫོང་ཡོངས་ཀྱི་མཛེས་པའི་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་གཞི་རྒྱ་ཆེ་བའི་ལེགས་བཅོས་བྱས་ལ། མི་སྡོད་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་བྱིན་ཡོད། 2024ལོར། མཐོ་སྒང་གི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་དེ་འཆམ་མཐུན་གྲོང་གསེབ་འཛུགས་སྐྲུན་དུ་བསྒྱུར།
2025ལོར། ཧུའུ་ཀྲུའུ་རྫོང་གིས་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་དྲུག་བཏང་ནས། ཝེ་ཡོན་གྲོང་རྡལ་ཀུའུ་ཁྲིན་སྡེ་བ་སོགས་སྡེ་བ་བཅུ་བཞི་རུ་འཆམ་མཐུན་མཛེས་སྡུག་གི་སྡེ་བ་འཛུགས་སྐྲུན་ལས་གཞི་སྤེལ། དེའི་ཁྲོད། སྡེ་བའི་ལམ་བསྒྱུར་བཀོད་ཞིག་གསོ་བྱས་པའི་སྡེ་བ14ལ་ཡོད་པ་དང་། ཆུ་འབུད་ཡུར་བ་བསྒྱུར་བཀོད་བྱས་པའི་སྡེ་བ7ཡོད་ལ། སྡེ་བ9ལ་གསར་དུ་སྡེ་བའི་ལམ་དང་གློག་སྒྲོན་སོགས་འཛུགས་སྐྲུན་བྱས། གད་སྙིགས་སྐྱེལ་འདྲེན་གྱི་སྒྲིག་ཆས་སྡེ་བ་བདུན་ལ་བྱིན་པ་དང་། ས་གཤིས་གནོད་འཚེའི་ས་འགོག་གྱང་བསྐྲུན་པའི་སྡེ་བ་གསུམ་བཅས་ཡོད།