“མི་རིགས་མཐུན་སྒྲིལ་རྟགས་མའི”མཐོ་སྒང་གི་གཡེང་སྐྱོད་གདན་ཞུའི་འགྲན་བསྡུར་སྐབས་གཉིས་པ་ཆུ་དམར་ལེབ་ཏུ་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས2ཉིན། 2025ལོའི་ཆུ་དམར་ལེབ་རྫོང་གི་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་མུ་འབྲེལ་བྱེད་སྒོ་སྐབས་དྲུག་པ་དང་མི་རིགས་མཐུན་སྒྲིལ་རྟགས་མའི་མཐོ་སྒང་གི་གཡེང་སྐྱོད་གདན་ཞུའི་འགྲན་བསྡུར་སྐབས་གཉིས་པ་ཆུ་དམར་ལེབ་རྫོང་འབའ་དགོན་ཡུལ་ཚོ་ལྷ་ཇོ་བོ་སྐྱེ་ཁམས་སློབ་གསོ་ས་ཚིགས་ནས་དངོས་སུ་འགོ་བརྩམས། ཐེངས་འདིའི་འགྲན་བསྡུར་དེ་མི་རིགས་མཐུན་སྒྲིལ་དང་།  སྐྱེ་ཁམས་རིག་གནས།  ལུས་རྩལ་འགྲན་བསྡུར་བཅས་ཕྱོགས་གསུམ་གཞི་གཅིག་ལྟེ་བར་བྱས་ཤིང་། དེའི་དམིགས་ཡུལ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་འདེམས་ཁུལ་དང་པོ་བསྐྲུན་རྒྱུར་རོགས་རམ་བྱས་ནས། ས་གནས་དེ་གའི་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།

འགོ་རྩོམ་མཛད་སྒོའི་སྟེང་། རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཆུ་དམར་ལེབ་ནི་རྨ་ཆུའི་མགོ་ཁུངས་དང་འབྲི་ཆུའི་བྱང་ཁུངས་ཡིན་པའི་སྐྱེ་ཁམས་ཀྱི་སྐྱེས་སྟོབས་ངོ་སྤྲོད་བྱས་པ་དང་། འགྲན་བསྡུར་ལམ་ཐིག་ནི་གཏེར་ཆུ་ནས་ཐུང་ཐེན་གཙང་པོའི་བར་དུ་བསྐྱོད་དེ་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་ངོགས་གཉིས་ཀྱི་རིག་གནས་འབྲེལ་བ་སྦྲེལ་མཐུད་བྱས་ཏེ།    འགྲན་ཞུགས་མི་སྣས་འགྲན་བསྡུར་ཁྲོད“ཀྲུང་ཧྭའི་ཆུ་མཛོད”ཀྱི་སྐྱེ་ཁམས་ཀྱི་ཡིད་དབང་འཕྲོག་ཤུགས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་མྱོང་ཚོར་བྱེད་དུ་བཅུག དེ་དང་ཆབས་ཅིག རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་འགྲན་བསྡུར་ནང་ཞུགས་མཁན་རུ་ཁག་གི་ལག་རྩལ་འགྲེལ་བཤད་ཚོགས་འདུ་དང་ཆུ་དམར་ལེབ་རྫོང་གཡེང་སྐྱོད་སྣང་བརྙན་གཞུང་ཚབ་ཀྱི་གན་རྒྱ་འཇོག་པའི་མཛད་སྒོ་རྩ་འཛུགས་བྱས་ནས། འགྲན་བསྡུར་གྱི་ཟོང་རྟགས་ཤུགས་རྐྱེན་སྔར་ལས་ཆེ་རུ་ཕྱིན་ཡོད།

ཐེངས་འདིའི་འགྲན་བསྡུར་ནང་མི་བཞི་ཅན་གྱི་གཡེང་སྐྱོད་འཐེན་ཤུགས་འགྲན་བསྡུར་དང་མི་གཅིག་གི་ཀོ་གྲུ་འགྲན་བསྡུར་བཅས་རྣམ་གྲངས་ཆེན་པོ་གཉིས་བཀོད་སྒྲིག་བྱས་པས། ས་གནས་སོ་སོའི་གཡེང་སྐྱོད་ལ་དགའ་མཁན་རྣམས་དེའི་ནང་ཞུགས་སུ་བཅུག་ཡོད།  འགྲན་བསྡུར་གྱི་སྐབས་སུ། མུ་འབྲེལ་བྱེད་སྒོ་དེ་སྐྱེ་ཁམས་སྲུང་སྐྱོབ་དྲིལ་བསྒྲགས་དང་། གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་སོགས་ཀྱི་ནང་དོན་ཐོག་ནས་ལུས་རྩལ་པར་འགྲན་བསྡུར་གྱི་རྩལ་ངོམ་པའི་སྟེགས་བུ་འདོན་སྤྲོད་བྱས་པར་མ་ཟད། “ལུས་རྩལ་དང་རིག་གནས་ཡུལ་སྐོར་གྱི”རྣམ་པ་བརྒྱུད་དེ། ཕྱི་རོལ་ལ་ཆུ་དམར་ལེབ་ཀྱི་རི་ཆུ་དང་མི་གཞུང་གི་རིག་གནས་ཐོན་ཁུངས་དྲིལ་བསྒྲགས་བྱས་ནས། གྲོང་གསེབ་དར་སྤེལ་ལ་གསོན་ཤུགས་བསྣན།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་ནི་ཆུ་དམར་རྫོང་གིས་ཡུས་ཧྲུའུ་ཁུལ་གྱི“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་འདེམས་ཁུལ་དང་པོ”འཛུགས་སྐྲུན་བཀོད་སྒྲིག་ལག་ལེན་མཐར་ཕྱིན་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་པ་དང་།  འགྲན་བསྡུར་གྱིས་མི་རིགས་མཐུན་སྒྲིལ་གྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་མངོན་པ་དང་། རིག་གནས་དང་ལུས་རྩལ། ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།