པདྨ་རྫོང་གིས་མིག་མདུན་གྱི་དཀའ་ངལ་དང་མི་དམངས་ཀྱི་རེ་ལྟོས་གཞིར་བཟུང་ནས་དམངས་འཚིས་འགན་སྲུང་དྲ་བ་སྲ་བརྟན་དུ་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས23ཉིན།  གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་དམངས་སྲིད་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ད་ལོའི་ལོ་སྟོད་དུ།  པདྨ་རྫོང་གིས་རྒྱུན་མཐུད་ངང་དམངས་འཚོའི་མ་མཐའི་འགན་སྲུང་ནུས་ཤུགས་ཇེ་ཆེར་བཏང་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད།  འཚོ་བའི་གཞི་རྩའི་འགན་སྲུང་གི་ཕྱོགས་ནས།  ཁྱོན་སྡོམ་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་མི་ལྔ་སྟོང་བཞི་བརྒྱ་ཞེ་གསུམ་ལ་འགན་སྲུང་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་གསུམ་ཁྲི་བདུན་སྟོང་བཞི་བྱིན་པ་དང་།  གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་མི་བདུན་བརྒྱ་རེ་གཉིས་ལ་མ་དངུལ་སྒོར་ས་ཡ་གཉིས་འབུམ་བརྒྱད་ཁྲི་བཞི་སྟོང་གསུམ་ལྷག་བྱིན་ཡོད།  དེ་དང་ཆབས་ཅིག  གནས་སྐབས་རོགས་སྐྱོར་ཐེངས་སྟོང་གཅིག་ཉིས་བརྒྱ་ཉེར་གཅིག་ལག་བསྟར་བྱས་པ་དང་མ་དངུལ་སྒོར་ས་ཡ་གཅིག་ཁྲི་ལྔ་སྟོང་དགུ་བཞི་བརྒྱ་ལྷག་བྱིན་ནས།  དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་ཐོལ་བྱུང་རང་བཞིན་དང་དགོས་གཏུག་རང་བཞིན་གྱི་འཚོ་བའི་དཀའ་ཁག་ཐག་གཅོད་བྱས།

དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་མིག་མདུན་གྱི་དཀའ་ངལ་དང་རེ་ལྟོས་བྱེད་སའི་གནད་དོན་ལ་དམིགས་ཏེ།  པདྨ་རྫོང་གིས་ཧུར་ཐག་གིས་སྲིད་གཞུང་གི་རོགས་སྐྱོར་དང་སྤྱི་ཚོགས་བྱམས་སེམས་གཉིས་མཉམ་འགུལ་བྱེད་པའི་རྣམ་པ་གསར་བར་སྐུལ་འདེད་བཏང་སྟེ།  སྣ་མང་ཅན་གྱི་རོགས་སྐྱོར་རྣམ་པ་བསྐྲུན་ཡོད།  བྱིས་པར་ཕན་བདེ་བསྐྲུན་པའི་ཁྱབ་ཁོངས་ནས་གྲོང་གསེབ་ཀྱི་གཞིས་སྲུང་བྱིས་པ་དང་དཀའ་ཁག་ཅན་གྱི་བྱིས་པ།  བདག་སྐྱོང་བྱེད་མཁན་མེད་པའི་བྱིས་པ་སོགས་ཀྱི་འགན་སྲུང་གཅོ་བོར་བྱས་ཏེ།  ཁག་ཁུར་གང་ལེགས་བྱེད་པར་འགན་ལེན་བྱས།  ཟླ6པའི་ཟླ་སྨད་བར་དུ།  དཀའ་ཁག་ཅན་གྱི་བྱིས་པ108ལ་འཚོ་བའི་འགན་སྲུང་མ་དངུལ་སྒོར་འབུམ་གཅིག་སྟོང་བཞི་བཞི་བརྒྱ་བྱིན་པ་དང་།  དྭ་ཕྲུག་ཉེར་གསུམ་ལ་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་འབུམ་གཅིག་དང་ཁྲི་དྲུག་སྟོང་ལྔ་བདུན་བརྒྱ་ལྷག་ཆ་ཚང་བར་བྱིན།

དེ་དང་ཆབས་ཅིག  དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་དང་བྱམས་སྐྱོང་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་བར་མ་ཟད།  པདྨ་རྫོང་གིས་ཐབས་མང་མཉམ་སྤྱོད་སྒོས་དབང་བོ་སྐྱོན་ཅན་གྱི་འཚོ་བའི་སྤུས་ཚད་དང་སྤྱི་ཚོགས་ཀྱི་མཉམ་འདྲེས་ཀྱི་རྣམ་པ་མཐོར་འདེགས་སུ་བཏང་།  ད་ལོའི་ལོ་སྟོད་དུ།  ཟི་ལིང་གྲོང་ཁྱེར་ཨེ་ཨར་མིག་ནད་སྨན་ཁང་གི་ཆེད་མཁས་པ་གདན་འདྲེན་བྱས་ནས་མིག་ནད་ཚན་ཁག་གི་ནད་པ180ལྷག་ལ་རིན་མེད་ཞིབ་བཤེར་བྱས།  ལས་ཞུགས་རོགས་སྐྱོར་གྱི་ཕྱོགས་ནས།  དབང་བོ་སྐྱོན་ཅན་གྱི་ལག་རྩལ་གསོ་སྐྱོང་འཛིན་གྲྭ་སྒྲུབ་ནས་མི37ལ་བེད་སྤྱོད་ཀྱི་རིན་ཐང་ཡོད་པའི་ལག་རྩལ་གསོ་སྐྱོང་བྱས།  ཁེ་དབང་སྲུང་སྐྱོབ་ཀྱི་ཕྱོགས་ནས།  རྫོང་ཡོངས་ཀྱི་མངའ་ཁོངས་ནས་དབང་བོ་སྐྱོན་ཅན་མི་སྣ་ཁྲི་གཅིག་དང་ང་དྲུག་ཡོངས་རྫོགས་རིན་མེད་ངང་ཁྲིམས་ལུགས་རོགས་སྐྱོར་གྱི་ཁྱབ་ཁོངས་སུ་བཅུག་སྟེ།  རོགས་སྐྱོར་གང་ལེགས་བྱེད་པ་མངོན་འགྱུར་བྱས།

པདྨ་རྫོང་དམངས་སྲིད་ཅུའུ་ཡི་ཅུའུ་ཀྲང་ཧྲ་ཏུང་གིས་བཤད་རྒྱུར།  མུ་མཐུད་དུ་མང་ཚོགས་ཉེ་འགྲམ་གྱི་དཀའ་ཁག་གཞིར་བཟུང་ནས།  ནན་ཏན་སྒོས་དམངས་འཚིས་ཀྱི་དོན་དངོས་སྒྲུབ་ནས་དཀའ་ཁག་ཅན་གྱི་མང་ཚོགས་ལ་སྔར་ལས་དྲོལ་ཁོལ་ལྡན་ཞིང་སྲ་བརྟན་ཡིན་པའི་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།