ཟླ་དྲུག་པའི་འབྲི་ཆུའི་མགོ་ཁུངས་སྡེ་བར། ཐང་ཆེན་དུ་བོད་རིགས་རྒན་པོའི་དུང་ཆེན་གྱི་སྒྲ་དབྱངས་དང་རྒྱ་རིགས་བྱིས་པའི་དགོད་སྒྲ་མཉམ་དུ་འདྲེས་ནས་གླུ་རུ་གྲུབ་ཡོད། མཚོ་བོད་མཐོ་སྒང་དུ་ཕྲ་རྒྱན་བཏབ་པའི་གནས་སྤོས་མང་ཚོགས་ཀྱི་སྡེ་བ་འདིས། མི་རིགས་མང་པོ་མཉམ་གནས་མཉམ་དར་གྱི་གསོན་ཉམས་ལྡན་པའི་རི་མོར་བརྟེན་ནས། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི”ནང་དོན་ཟབ་མོར་འགྲེལ་བཤད་བྱེད་བཞིན་ཡོད།
2016ལོའི་ཟླ8པའི་ཚེས22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་ཕེབས་ཏེ། མཚོ་འཕགས་སྨི3000ཡོད་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བར་ཞབས་ཀྱིས་བཅགས་ཏེ་རྟོག་ཞིབ་མཛད། སྡེ་བ་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམས་མཛེས་སྡུག་ལྡན་པའི་ཐོག་ཁང་དུ་བསྡད་ཡོད་པ་དང་། ཡོང་འབབ་བརྟན་པོ་ཡོད་པར་མ་ཟད། གཞི་རྩའི་སྨན་བཅོས་འགན་བཅོལ་དང་རྒན་གསོའི་འགན་བཅོལ་དུ་ཡོངས་ཁྱབ་ངང་ཞུགས་ཡོད་པས། འཚོ་བའི་ཆུ་ཚད་མཐོར་འདེགས་ཆེན་པོ་བྱུང་ཡོད་པ་མཐོང་བའི་མོད་ལ། སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་དགྱེས་པའི་ངང་ནས“ཁྱོད་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡུན་ནས་ཡུན་དུ་བརྟན་ངེས་རེད”ཅེས་གསུངས།
སྐྱིད་པའི་བྲོ་གར་འཁྲབ་པ།
ལོ་ངོ་དགུ་ཡི་རིང་ལ། འཚོ་བ་ཇེ་བཟང་དང་ཇེ་ཕྱུག་ཏུ་སོང་བ་དང་། རྩྭ་ཐང་དང་ཁ་བྲལ་ཏེ་གྲོང་ཁྱེར་དུ་སྡོད་པའི་འབྲོག་དམངས་དེ་དག་གི་སེམས་སུ། གལ་ཏེ་སྲིད་ཇུས་བཟང་པོ་ནི་གནས་དེའི་འབྱོར་ཕྱུག་གི་རྩ་བ་ཡིན་ཚེ། མི་རིགས་མཐུན་སྒྲིལ་ནི་གནས་དེའི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན་པའི་མྱོང་ཚོར་ཟབ་མོ་རྙེད་ཡོད།
དྭངས་ཤིང་གསལ་ལ་རྒྱ་མཚོར་འབབ་པའི་གཙང་པོའི་མགོ་ཁུངས་ཀྱི་ཆུ་ཐིགས་རེ་རེས། གཙང་པོའི་མགོ་ཁུངས་ནི་ཕྱིར་གདོད་མའི་རྣམ་པར་གནས་སུ་བཅུག་པའི་དམ་བཅའ་བརྟན་པོ་བདེན་དཔང་བྱས་ཡོད།
རྒྱ་རིགས་ལས་གཉེར་པས་བསྐྲུན་པའི་རིག་གནས་ཡུལ་སྐོར་སྒར་ས་ནས་བོད་རིགས་ལག་ཤེས་སྒྱུ་རྩལ་པས་རྒྱུན་འཛིན་བྱས་པའི་ལོ་ངོ་སྟོང་གི་ལག་རྩལ་བར་དང་། སྐྱེ་ཁམས་བདག་སྐྱོང་པ་ཁྱོ་ཤུག་གིས་རྩྭ་ཐང་ལྟ་སྲུང་བྱས་པ་ནས་སྡེ་བའི་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ་འབྱོར་ཕྱུག་ལམ་དུ་བསྐྱོད་པའི་བར་གང་ཞིག་ཡིན་རུང་། འབྲི་ཆུའི་མགོ་ཁུངས་སྡེ་བས་ཐབ་ཚང་ལས་འཁྱུར་བའི་དུད་པའི་ནང་གི་མཐུན་སྒྲིལ་དང་། ཐོན་ལས་ཁྲོད་ཀྱི་མཉམ་ལས། སྐྱེ་ཁམས་ཁྲོད་ཀྱི་ཐུན་མོང་ངོས་འཛིན་བཅས་ཀྱིས། མཐོ་སྒང་གི་མི་རིགས་མཐུན་སྒྲིལ་གྱི་དུས་རབས་ཀྱི་རྒྱུགས་ལན་སྤྲོད་ཀྱིན་ཡོད།
རྒྱ་རིགས་ལས་གཉེར་པ་ཀའོ་ཐུང་གིས་འབྲི་ཆུའི་མགོ་ཁུངས་སྡེ་བར“འབྲི་ཆུའི་འབྲོག་གཞས”སྦྲ་གུར་སྒར་སའི་སྦྲ་གུར་དང་པོ་ཕུབ་པའི་སྐབས་སུ། “བཟའ་བཏུང་ཉམས་ལེན+ཕྱི་རོལ་འཚོལ་ཞིབ”མཉམ་འདྲེས་ཀྱི་ལས་གཞི་དེ་ནི། རྒྱ་བོད་མི་རིགས་མཉམ་འདྲེས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་འགྲོ་བ་ཁོའི་སེམས་སུའང་དྲན་མྱོང་མེད།
ཐགས་འཐག་བཞིན་པའི་བོད་རིགས་བུད་མེད།
སྒར་སའི་ནང་དུ། བོད་རིགས་ན་གཞོན་རིག་གྲོལ་གྱིས་བྱང་ཆ་ལྡན་པའི་ངང་ཡུལ་སྐོར་པར་སྦྲ་གུར་གྱི་གྲུབ་ཚུལ་ངོ་སྤྲོད་བྱེད་བཞིན་ཡོད་ལ། ཐེངས་གང་མང་ལ་ལས་གནས་སྤོར་བ་ནས་ཟླ་རེའི་ཡོང་སྒོ་སྒོར4500ཡིན་པའི་སྒར་སའི་རྐང་འཛིན་པར་གྱུར་བའི་བར་གྱི་ཁོའི་འགྱུར་ལྡོག་དེ་ནི་སྒར་སའི་ཕྱི་རོལ་གྱི་སྐལ་བཟང་མེ་ཏོག་དང་འདྲ་བར། མི་རིགས་མང་པོའི་མཉམ་ལས་ཀྱི་ས་གཞི་རུ་རྩ་བ་ཚུགས་ཤིང་མྱུ་གུ་འབུས་བཞིན་ཡོད།
ཐོན་ལས་མཉམ་ལས་ཀྱི་གསོན་ཤུགས་དེ་ལས་རྐང་སྟེང་མངོན་པ་སྟེ། སྒར་སས“བོད་པ་ཚང”བོད་རིག་གནས་གསོལ་ཚིགས་ཁང་དང་མཉམ་འགུལ་གྱིས་ཐོན་ལས་སྦྲེལ་ཐག་གྲུབ་ནས། གློག་རྡུལ་རོལ་དབྱངས་འདུ་འཛོམས་དང་སྐོར་བྲོ་དགོང་ཚོགས་མཉམ་འདྲེས་གང་ལེགས་བྱས་ཏེ། ཡུལ་སྐོར་པ་རྣམས་ལ་མཐོ་སྒང་རིག་གནས་ཀྱི་འགུག་ཤུགས་ཉམས་སུ་མྱོང་དུ་བཅུག་པར་མ་ཟད། དེ་བས་ཀྱང་བོད་རིགས་མང་ཚོགས་ལ་ཟབ་ཞུགས་ཁྲོད་རྩིས་ཐང་དང་རྒྱུ་ནོར་ཐོབ་པར་བྱས།
གཏམ་རྒྱུད་འདི་ལྟ་བུ་ནི་འབྲི་ཆུའི་མགོ་ཁུངས་སྡེ་བའི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་བསྡུས་རིས་ཙམ་ཡིན། མི་རིགས་མི་གཅིག་པའི་ཤེས་རབ་དེ་ཐོན་ལས་གསར་གཏོད་ཁྲོད་མཉམ་དུ་འདྲེས་པས། ཐུན་མོང་ཕྱུག་འགྱུར་གྱི་བགྲོད་ལམ་ནི་མཉམ་ལས་ཁྲོད་ཁོད་ཇེ་ཡངས་ནས་ཇེ་ཡངས་སུ་སོང་ཡོད།
ཐོན་ལས་མཉམ་ལས་ཀྱི་ཚ་རླབས་འོག རིག་གནས་ཀྱི་རྩ་བ་ས་གཞི་འདིའི་སྟེང་བརྟན་པོར་ཚུགས་ཡོད། སྒང་པ་བོད་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་མཉམ་ལས་ཁང་དུ་སོང་བ་ན། སྣམ་བུའི་འཕྲེད་གཞུང་དུ་བོད་བཙན་པོའི་དུས་སྐབས་ཀྱི་བཟོ་རྩལ་རི་མོ་འཁྱུག་བཞིན་ཡོད་ལ། དར་སྐུད་ལ་བརྒྱུས་པའི་ཐང་གའི་གསེར་སྐུད་ཁྲོད་ན་བོད་བརྒྱུད་ནང་བསྟན་གྱི་ཤེས་རབ་ཀྱིས་ཁེངས་ཡོད། བཟོ་རྩལ་ཐོན་རྫས་དེ་དག་ངོ་སྤྲོད་བྱེད་མཁན་ནི་རྒྱ་སྐད་ལ་ནང་བྱན་ཆུད་པའི་མཉམ་ལས་ཁང་གི་ཁོངས་མི་བསམ་སྐྱིད་རེད།
“སློབ་བུ2000ལྷག་གི་གྲས་སུ་བོད་རིགས་བུད་མེད་ཡོད་ལ། རྒྱ་རིགས་ལས་གཏོད་པ་ཡོད། དེ་མིན་སོག་རིགས་འབྲོག་པའང་ཡོད།”མོས་སོར་རྩེའི་ཚོན་སྐུད་ལ་བརྟེན་ནས་བོད་ལྗོངས་དང་། ཁྲེང་ཏུའུ་ལ་ཕྱིར་འཚོང་བྱེད་པའི་ཚོང་ཟོག་བཟོས་པར་མ་ཟད། མི་རིགས་ལས་བརྒལ་བའི་རིག་གནས་ཀྱི་གཟུངས་ཐག་ཀྱང་གྲུབ་པ་སྟེ། རྒྱ་རིགས་ཇུས་འགོད་པས་དེང་རབས་ཀྱི་མཛེས་དཔྱོད་དེ་སྲོལ་རྒྱུན་རི་མོའི་ཁྲོད་འདྲེས་སུ་བཅུག་པ་དང་། བོད་རིགས་བཟོ་པས་སྐུད་པ་རྒྱུ་བའི་ལག་རྩལ་བསླབས་པ་དང་། སོག་རིགས་སློབ་མས་རྩྭ་ཐང་གི་རྒྱན་རིས་ཀྱི་ལག་རྩལ་ཁྱེར་ཡོང་།
སློབ་གྲྭ་གྲོལ་བ།
རིག་གནས་མཉམ་གནས་ཀྱི་རྣམ་པ་དེ་ནི། འབྲི་ཆུའི་མགོ་ཁུངས་སྡེ་བར་སྔ་མོ་ནས་རྒྱུན་ལྡན་དུ་གྱུར་ཡོད་ལ། དུས་སྟོན་དང་འབྲེལ་བའི་རྟེན་འབྲེལ་གྱི་བྱ་འགུལ་ཁྲོད། རྒྱ་རིགས་ཀྱི་གཡང་འཁོར་ཞབས་བྲོ་དང་བོད་ཀྱི་ཟློས་གར་གར་སྟེགས་གཅིག་གི་སྟེང་མཉམ་དུ་འཁྲབ་ལ། ཆུ་མོག་དང་དཀྲུགས་ཇ་གསོལ་ཅོག་གཅིག་གི་སྟེང་བསྒྲིགས་ཡོད།
མི་རིགས་མི་འདྲ་བའི་རིག་གནས་ཀྱི་དྲན་པ་ཕན་ཚུན་མྱོང་རོལ་ཁྲོད་མཉམ་འདྲེས་བྱུང་ཚེ། “རང་རེའི”རིག་གནས་ཀྱི་རྟགས་མཚན་དེ་ཐུན་མོང་གི་ངོས་འཛིན་ཁྲོད་ཇེ་གསལ་ནས་ཇེ་གསལ་དུ་གྱུར།
རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་བྱུང་བའི་སྟོབས་ཤུགས་དེ་རིམ་གྱིས་ཁྱིམ་གཞིས་སྲུང་བའི་ཐུན་མོང་གི་ངོས་འཛིན་དུ་འགྱུར་བཞིན་ཡོད། ཐོག་ཐོག་གཙང་པོའི་འགྲམ་གྱི་རྩྭ་ས་རུ། བཀྲ་ཤིས་ཚེ་རིང་དང་ཆུང་མ་ཉི་བཟང་གཉིས་ཀྱིས་སྐོར་སྲུང་ཁུག་མ་ཁུར་ནས་གཟན་རྩྭའི་གསེང་དུ་སྐྱོད་བཞིན་ཡོད། སྐྱེ་ཁམས་བདག་སྐྱོང་པ་ཡིན་པའི་བོད་རིགས་ཁྱོ་ཤུག་འདི་གཉིས་ཉིན་རྒྱུན་སྤྱི་ལེ20ལ་རྐང་ཐང་དུ་སོང་ནས་རྩྭ་སའི་སྐྱེ་ཁམས་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས།
“རྒྱལ་ཁབ་ཀྱིས་རྩྭ་སའི་ཁ་གསབ་བྱིན་པས་ང་ཚོས་ལྟོ་ རྒྱབ་ལ་སེམས་ཁྲལ་བྱེད་མི་དགོས། རྩྭ་ས་འདི་ལ་ལྟ་སྲུང་ལེགས་པོ་བྱེད་རྒྱུ་ནི་རང་ཁྱིམ་གྱི་ཚ་ཐབ་ལ་ལྟ་སྲུང་བྱས་པ་དང་འདྲ”ཟེར། ཁོ་ཚོའི་སྐད་ཆའི་ཁྲོད། འབྲི་ཆུའི་མགོ་ཁུངས་སྡེ་བའི་སྐྱེ་ཁམས་བདག་སྐྱོང་པའི་ཁྱིམ་ཚང37གྱི་ཐུན་མོང་གི་ཕུགས་འདུན་སྦས་ཡོད་དེ། དཔུང་སྡེ་དེའི་ཁྲོད་དུ་བོད་རིགས་འབྲོག་པ་ཡོད་ལ། རྒྱ་རིགས་ཀྱི་ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་ཡོད་པ་དང་། སོག་རིགས་ཀྱི་ཕྱུགས་རིགས་སྨན་པའང་ཡོད་པས། མི་རིགས་མི་གཅིག་པའི་མི་རྣམས་ཀྱིས་བརྩེ་སེམས་གཅིག་ལ་བརྟེན་ནས“ཀྲུང་ཧྭའི་ཆུ་ལྕོག”ལ་ལྟ་སྲུང་བྱེད་བཞིན་ཡོད།
སྡེ་བའི་ཏང་ཀྲི་པུའུ་ཡིས་སྐྱེ་ཁམས་བདག་སྐྱོང་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ཟུང་འབྲེལ་བྱས་ཏེ། སྐོར་སྲུང་ས་ཚིགས་སུ“མི་རིགས་རོགས་རེས་ལས་གནས”བཙུགས་པ་དང་། རྒྱ་རིགས་རུ་མིས་བོད་རིགས་ལས་གྲོགས་ལ་རིག་ནུས་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྤྱོད་སྟངས་ཁྲིད་པ་དང་། བོད་རིགས་རུ་མིས་རྒྱ་རིགས་ལས་གྲོགས་ལ་གཟན་རྩྭ་དབྱེ་འབྱེད་ཀྱི་ཉམས་མྱོང་གླེང་གིན་འདུག
ཁོ་ཚོས་ཁ་ཆར་འདྲེས་མའི་ཁྲོད་མཉམ་དུ་གཙོད་སྐྱོབ་རོགས་བྱས་པ་དང་། ཁོ་ཚོས་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་ཡུལ་སྐོར་པར་ཁོར་སྲུང་འདུ་ཤེས་སྒྲོག་འགྲེལ་བྱེད་སྐབས། འབྲི་ཆུའི་མགོ་ཁུངས་སྡེ་བའི་འཁྱགས་ཀླུང་ནི་བདེན་དཔང་དུ་གྱུར་ཡོད། སྐྱེ་ཁམས་སྲུང་སྐྱོང་ནི་མ་གཞི་ནས་མི་རིགས་གཅིག་གི་འགན་འཁྲི་མིན་པར་ཀྲུང་ཧྭ་མི་རིགས་ཐུན་མོང་གི་འགན་འཁྲི་རེད།
འགན་འཁྲི་འདི་དང་ཐུན་མོང་ངོས་འཛིན་དེ་ནི། མཇུག་མཐར་མི་རིགས་སོ་སོའི་མང་ཚོགས་ཀྱི་མྱོང་རེག་ཡོད་པའི་བདེ་སྐྱིད་དུ་གྱུར།
“དྲོད་རླངས་དང་། རང་བྱུང་སོལ་རླངས་གང་ཡང་ཡོད། སྒོ་རྩིས་ཚོང་ཁང་ཡང་སྒོ་ཁ་རུ་ཡོད། ”རིག་གྲོལ་གྱིས་རང་ཉིད་ཀྱི་མྱོང་ཚོར་ལ་བརྟེན་ནས་སྡེ་དམངས་ཀྱི་སེམས་གཏམ་བརྗོད། རྩྭ་ཐང་ནས་གཏན་སྡོད་ས་ཚིགས་བར་དུ་བྱུང་བའི་འབྲི་ཆུའི་མགོ་ཁུངས་སྡེ་བའི་འཕོ་འགྱུར་ནི་ཐོན་ལས་དང་སྐྱེ་ཁམས་ཀྱི་ཡར་ཐོན་ཁོ་ན་ཙམ་མ་ཡིན་པར། དམངས་འཚོའི་བདེ་སྐྱིད་ཀྱི་འཕུར་མཆོང་ཞིག་རེད། སྡེ་བའི་ཏང་ཀྲི་པུའུ་ཡིས་སྤྱི་ཚོགས་ཀྱི་མ་རྩ་ནང་འདྲེན་བྱས་ཏེ་བསྐྲུན་པའི་དམངས་བདེའི་སྒྲིག་བཀོད་ཀྱིས་རིགས་སོ་སོའི་མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བྱེད་དུ་བཅུག་ཡོད། མི་རིགས་མཐུན་སྒྲིལ་གསར་སྐྲུན་གྱི་བྱ་འགུལ་ཁྲོད། རྒྱ་རིགས་སྨན་པས་བོད་རིགས་རྒན་པོར་འོས་འགན་སྨན་བཅོས་བྱས་པ་དང་། བོད་རིགས་ཨ་ཅག་གིས་རྒྱ་རིགས་ཁྱིམ་མཚེས་ཀྱི་བྱིས་པར་ལྟ་སྐྱོང་བྱེད་བཞིན་ཡོད། “དོན་དག་ཡོད་ན་ཁྱིམ་མཚེས་འཚོལ་བ་དང་། དཀའ་ཁག་ཡོད་ན་ཀྲི་པུའུ་འཚོལ་བ”ནི་སྡེ་བ་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དུ་གྱུར་ཡོད། དྲོད་ཁོལ་འཁྱིལ་བའི་ཉིན་རྒྱུན་གྱི་བྱ་བ་དེ་དག་ནི། མཇུག་མཐར“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་སྡེ་བ”དང“རྒྱལ་ཡོངས་དཔལ་ཡོན་སྡེ་བ་དང་གྲོང་རྡལ”སོགས་ལྗིད་ཏིག་ཏིག་གི་གཟི་བརྗིད་དུ་གྱུར་ཏེ། 2021ལོའི“རྒྱལ་ཡོངས་ཡར་ཐོན་གཞི་རིམ་ཏང་རྩ་འཛུགས”ཀྱི་མཚན་སྙན་དེ་མིང་དོན་དང་མཚུངས་པ་ཞིག་ཏུ་གྱུར་ཡོད།
སྡེ་སྡོད་ཧྲུའུ་ཅི་དང་པོ་ལིའང་ལིའང་གིས་བཤད་པ་ནང་བཞིན། “མི་རིགས་སོ་སོ་ནི་རྩམ་པ་བཞིན་ཕྱོགས་གཅིག་ཏུ་བརྫིས་ཚེ། རྒྱ་བོད་མང་ཚོགས་ཀྱི་ཚ་ཐབ་ལས་ཟས་ཀྱི་དྲི་ངད་གཅིག་མཚུངས་འཐུལ་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ས་གཞི་འདི་རུ་བརྟན་པོར་ཚུགས་སྲིད།”
གྲིབ་སོའི་ས་གཞི་གཡོགས་སྐབས། འབྲི་ཆུའི་མགོ་ཁུངས་སྡེ་བའི་ཐང་ཆེན་དུ་སྐོར་བྲོ་ཇི་ཙམ་འཁྲབ་ན་དེ་ཙམ་སྤྲོ་སྣང་ཆེ། རྒྱ་རིགས་བུ་མོའི་སྨད་གཡོག་དམར་པོ་དང་བོད་རིགས་ཕོ་རྒོད་ཀྱི་ལྭ་བའི་འདབ་ཁ་ལམ་སྒྲོན་འོག་ཏུ་ལྷབ་ལྷུབ་བསྐྱོད། བྱིས་པ་ཚོས་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་གཞས་གདངས་གཅིག་པའི་གླུ་དབྱངས་ལེན་བཞིན་ཡོད་ལ། རྒྱང་རིང་གི་གངས་རི་ཁུ་སིམ་མེར་ཀྲོང་ངེར་འགྱིངས་ཏེ། མཐོ་སྒང་སྡེ་བ་འདིའི་ངོ་མཚར་ལ་བདེན་དཔང་བྱེད་བཞིན་ཡོད། སྔོན་ཆད་སྐྱེ་ཁམས་ཀྱི་དབང་གིས་གནས་སྤོས་པའི་འབྲོག་དམངས་རྣམས། དེང་སྐབས་མི་རིགས་མཐུན་སྒྲིལ་གྱི་གཤིན་སའི་སྟེང་གཞིས་ཁྱིམ་བསྐྱར་སྐྲུན་བྱེད་བཞིན་ཡོད་ལ། འབྲི་ཆུའི་མགོ་ཁུངས་ཀྱི་ཆུ་ཐིགས་རེ་རེས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ”ཡི་བརྩེ་བ་ཟབ་མོ་བཏེགས་ནས། སྔར་ལས་མཐའ་ཡས་པའི་རྒྱ་མཚོར་བཞུར་གྱིན་ཡོད།
མཚོ་བོད་མཐོ་སྒང་དུ་བྲིས་པའི་གཅིག་མཐུན་ཚོགས་པའི་ལག་ལེན་དེ་ནི། གཙང་པོའི་མགོ་ཁུངས་ཀྱི་ཆུ་རྒྱུན་དང་འདྲ་བར། དྭངས་ཤིང་གཙང་ལ་འགྱུར་བ་མེད་པའི་ངང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཡངས་ཤིང་རྒྱ་ཆེ་བའི་རྒྱ་མཚོར་འདྲེས་བཞིན་ཡོད། །