ཟླ6པའི་ཚེས10ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དུ་ཞིང་ཆེན་ཕྱི་ཡིས་ཡུལ་སྐོར་བ་ཁག་གཅིག་ཡོང་བ་དང་། ཚང་མས་འབྲི་ཆུའི་ཁུག་སོ་དང་པོའི་མཛེས་ལྗོངས་ནི་དངོས་ནས་མིང་དོན་གཉིས་མཚུངས་ཡིན་པ་དང་། རྨང་གཞིའི་སྒྲིག་ཆས་སྒྲིག་སྦྱོར་བྱས་པའང་ཧ་ཅང་བཟང་། ཐེངས་འདིར་ཡུས་ཧྲུའུ་རུ་ཡོང་བར་རིན་ཐང་ཆེན་པོ་ལྡན་ཞེས་བསྟོད་བསྔགས་ཆེན་པོ་བྱེད་བཞིན་ཡོད།
ད་ལོ་ནས་བཟུང་། གཅིག་སྒྲིལ་རྫོང་གིས་སྐྱེ་ཁམས་སྔོན་ལ་འཕེལ་རྒྱས་གཏོང་བའི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་གྱི་དམིགས་ཚད་དམ་འཛིན་བྱས། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་སྣེ་ཁྲིད་བྱེད་པའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་མགོ་ཁྲིད་ཚན་ཆུང་བཙུགས་ནས། རྣམ་གྲངས་ཐད་སྤྱོད་པའི་ས་ཆའི་ཞིབ་བཤེར་ཆོག་མཆན་དང་མ་དངུལ་གཏོང་སྤྲོད་སོགས་དཀའ་གནད་ཆེ་བའི་གནད་དོན་ཁག23ལ་ཞིབ་འཇུག་དང་ཐག་གཅོད་བྱས། “སྲིད་གཞུང་གིས་གཙོ་ཁྲིད་དང་ཁེ་ལས་ཞུགས་པའི”རྣམ་པ་གསར་གཏོད་བྱས་ཏེ། ཆེད་ལས་རིག་གནས་ཡུལ་སྐོར་ཁེ་ལས3“ལེ་དབར་ཁྲི་ཡི་འབྲི་ཆུའི་ཁུག་སོ་དང་པོའི”རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་སུ་བཅུག་པ་དང་། 《གཙོ་གནད་རྣམ་གྲངས་ཀྱི་འགག་སྒྲོལ་ལས་འགན་གསལ་ཐོ》བཟོས་ནས། འགན་འཁུར་སྡེ་ཁག་དང་ལེགས་སྒྲུབ་དུས་ཚད་ཁ་གསལ་བཟོས།
མིག་སྔའི་བར། ལི་ཞིན་ཤང་འབྲི་ཆུའི་ཁུག་སོ་དང་པོའི་སྒོ་རའི་དཔལ་འབྱོར་རྣམ་གྲངས་སྔོན་ན་ལེགས་འགྲུབ་བྱུང་བ་དང་། སྙི་ཆེན་གྲོང་ཚོའི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོའི་རྣམ་གྲངས་ཀྱི་ལས་གཞིའི75%ལེགས་འགྲུབ་བྱུང་ལ། སྤྲིན་རུམ་ཚིག་ཇ་ཁང་སོགས་ཆ་སྒྲིག་སྒྲིག་བཀོད་འཛུགས་བསྐྲུན་བྱས། དེ་དང་ཆབས་ཅིག ལམ་ཐིག་གི་གནད་དོན་ལ་དམིགས་ནས། ཡུལ་སྐོར་དང་རང་བྱུང་ཐོན་ཁུངས་སོགས་སྡེ་ཁག་ལས་གྲུབ་པའི་ལམ་ཐིག་འཆར་འགོད་ཆེད་ལས་འཛིན་གྲྭ་བཙུགས་པ་དང་། ལས་རིགས་ཆེད་མཁས་པ5གདན་འདྲེན་ཞུས་ནས། ཡུལ་དངོས་སུ་བརྟག་ཞིབ་བྱས་ཏེ་བརྗོད་བྱ་གཙོ་བོའི་ཡུལ་སྐོར་ལམ་ཐིག3འཆར་འགོད་ལེགས་འགྲུབ་བྱུང་། ཟོང་རྟགས་མཐོར་འདེགས་ཀྱི་འགུལ་སྐྱོད་ལག་བསྟར་བྱས་པ་དང་། དྲིལ་བསྒྲགས་ཁྱབ་གདལ་གྱི་ཆེད་དོན་མ་དངུལ་སྒོར་ཁྲི200བཙུགས་ནས། ཟི་ལིང་དང་ཁྲེང་ཏུའུ་རུ་ཡུལ་སྐོར་ཁྱབ་གདལ་ལྟེ་གནས་བཙུགས་ཤིང་། ཡུལ་སྐོར་ལས་དོན་ཁང10དང་མཉམ་འབྲེལ་མཉམ་ལས་གྲོས་མཐུན་བཞག “སྲིད་གཞུང་དང་སློབ་གྲྭ། ཁེ་ལས”བཅས་ཀྱི་འཇོན་མི་གསོ་སྐྱོང་བྱེད་པའི་ལམ་སྲོལ་བཙུགས་ནས། མཚོ་སྔོན་མི་རིགས་སློབ་ཆེན་སོགས་མཐོ་སློབ3དང་དངོས་སྦྱོང་རྟེན་གཞི་མཉམ་དུ་འཛུགས་པ་དང་། ཡུལ་སྐོར་དོ་དམ་དང་སྐྱེ་ཁམས་འགྲེལ་བཤད་སོགས་ཆེད་ལས་ཕྱོགས་ངེས་འཛིན་གྲྭ་བཙུགས་ནས། ལོ་ལྟར་ཆེད་ལས་ཤེས་ལྡན་མི་སྣ20གསོ་སྐྱོང་བྱས། །