ཟླ6པའི་ཚེས12ཉིན། མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་ཆུ་དཀར་མདོ་ཡུལ་ཚོ་ཡིས་ས་གཤིས་གནོད་འཚེ་ཉེན་འགོག་གནས་སྤོར་གྱི་གཅིག་བསྡུས་བཀོད་སྒྲིག་ལས་གཞིའི་འཛུགས་སྐྲུན་བྱ་བ་སྤེལ་བཞིན་པའི་སྒང་ཡིན་པ་དང་། རེ་བས་ཁེངས་པའི་ཁང་བ་གསར་བ་མང་པོ་ལས་ནས་མི་འགྱངས་པར་བཀོད་སྒྲིག་བྱེད་ལ་ཉེ་བའི་ཡུལ་ཚོ་ཡོངས་ཀྱི་མང་ཚོགས་ཁྱིམ་ཚང65དགའ་སྤྲོས་ཁེངས་ཡོད། རྒྱུས་ལོན་པ་ལྟར་ན། ཞོན་ཧྭ་རྫོང་ཡོངས་ཀྱི་ཁུལ་ཁོངས་ནང་བསྡོམས་པས་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན116ཡོད་པ་དང་། ཡུལ་ཚོ་དང་གྲོང་རྡལ9དང་མང་ཚོགས་ཁྱིམ་ཚང1677དང་འབྲེལ་བ་ཡོད། མིག་སྔའི་བར་དུ། སྐབས་དང་པོའི་གཅིག་བསྡུས་བཀོད་སྒྲིག་ས་ཚིགས7དུ་ནུས་ཤུགས་ཡོད་རྒུས་མྱུར་ཚད་དམ་འཛིན་བྱེད་བཞིན་ཡོད་ལ། ལས་ཡུན་ལ་ཡར་སྐུལ་བྱས་ནས་ལས་གཞི་དུས་ལྟར་ལེགས་འགྲུབ་འབྱུང་བར་སྐུལ་འདེད་གཏོང་བཞིན་ཡོད།
གཅིག་བསྡུས་བཀོད་སྒྲིག་ས་ཚིགས་འཛུགས་སྐྲུན་བྱེད་སྐབས། ཞོན་ཧྭ་རྫོང་གིས་ཏང་འཛུགས་སྐྱོང་སྣེ་ཁྲིད་དང་ཨར་ལས་ལས་ཁུངས་ཞུགས་པ། ལྟ་སྐུལ་དོ་དམ་སྡེ་ཁག་གི་ལྟ་སྐུལ་དང་། མང་ཚོགས་ཀྱི་ལྟ་སྐུལ་བཅས་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ། གནས་སྤོར་ཐུབ་པ་དང་། གཏན་སྡོད་ཐུབ་པ། འཚོ་བ་ལེགས་པ། མཉམ་འདྲེས་ཐུབ་པ་བཅས་ཀྱི་སྤྱིའི་བླང་བྱ་དང་དམ་པོར་བསྟུན་ནས། གྲོང་རྡལ་དང་གྲོང་སྡེའི་ལས་བྱེད་པ་དང་། མང་ཚོགས་འཐུས་མི། ལྟ་སྐུལ་དོ་དམ་ལག་རྩལ་མི་སྣ་བཅས་ལས་གྲུབ་པའི་ལྟ་སྐུལ་ཨུ་ཡོན་ལྷན་ཁང་བཙུགས་ཏེ་དུས་བཅད་ལྟར་ལས་ཡུལ་དུ་སྐོར་ཞིབ་བྱས་ཏེ། ཁང་པ་བཀོད་སྒྲིག་ལེགས་སྒྱུར་དང་སྤྱི་པའི་བར་སྟོང་ཇུས་འགོད་སོགས་ཞིབ་ཕྲའི་ཐད་གྲོས་གཞི་བཏོན། ལས་གཞི་བདམས་པའི་གནས་ཡུལ་ནི་མང་ཚོགས་ཀྱི་སྨན་བཅོས་དང་སློབ་གྲྭར་སྟབས་བདེ་ཞིང་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ཀྱི་བར་སྟོང་ཡང་ཡོད་པའི་ས་ཆ་དང་། བགྲོད་ལམ་དང་། རང་འབབ་ཆུ། སྤྱི་པའི་གློག་སྒྲོན། ལྗང་སྒྱུར་སོགས་རྨང་གཞིའི་སྒྲིག་བཀོད་བཟོ་སྐྲུན་ཆ་ཚང་འཛུགས་སྐྲུན་བྱས་ནས། དམངས་འཚོ་ལ་སྔར་ལས་དྲོད་ཁོལ་ལྡན་པ་དང་སྐྱིད་སྣང་སྔར་ལས་ཆེ་བའི་ལས་སྡོད་ལས་གཞི་གསར་སྐྲུན་བྱས།
སྤུས་ཚད་མཐོ་ཞིང་ནུས་བ་ཆེ་བའི་ཉེན་འགོག་གནས་སྤོར་གཅིག་བསྡུས་བཀོད་སྒྲིག་ལས་གཞིར་སྐུལ་འདེད་གཏོང་ཆེད། ཞོན་ཧྭ་རྫོང་གིས་རེས་སྐོར་མང་པོའི་རྩད་གཅོད་དང་བརྟག་དཔྱད་བྱས་པ་དང་། ཏ་ཐུང་རྫོང་གི་ས་གཤིས་གནོད་འཚེའི་ཉེན་འགོག་གནས་སྤོར་བཀོད་སྒྲིག་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། ཁ་ཐོར་བཀོད་སྒྲིག་དང་ཁང་བ་ཉོ་སྒྲུབ་བཀོད་སྒྲིག གཅིག་བསྡུས་བཀོད་སྒྲིག་བཅས་བྱེད་ཐབས་གསུམ་གཏན་འཁེལ་བྱས་པར་མ་ཟད། ཐབས་ཤེས་གང་མང་བཏོན་ནས་ལས་ཀའི་མྱུར་ཚད་ཇེ་མགྱོགས་སུ་བཏང་། དེ་དང་ཆབས་ཅིག གནས་སྤོའི་ལས་འགན་གྱི་དུས་ཚོད་དང་བསྡུར་ནས་དུས་སྔོན་དང་ལས་སྐྲུན། ཞིབ་བཤེར་རྩིས་ལེན་བཅས་ཀྱི་ལས་རིམ་ཞིབ་ཕྲ་དང་། ལས་ཡུན་ལྡོག་སྟེ་རྫོང་དང་ཤང་རིམ་གཉིས་ཆེད་ལས་འཛིན་གྲྭ་བཙུགས་ཏེ།《ཞོན་ཧྭ་རྫོང་གི་ས་གཤིས་གནོད་འཚེའི་ཉེན་འགོག་གནས་སྤོར་རྣམ་གྲངས་ལག་བསྟར་ཇུས་གཞི(2024ལོ་ནས2026ལོའི་བར)》པར་སྐྲུན་འགྲེམས་སྤེལ་བྱས་ནས། བདེ་སྡོད་ལས་གཞིའི་སྤུས་ཚད་དུས་བཀག་ལྟར་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱ་རྒྱུ་རེད། །