མཚོ་སྔོན་གྱིས་ལོ་གསུམ་རིང་རོང་འབྲོག་ཁུལ་གྱི་བགྲོད་ལམ་སྤྱི་ལེ8000“ལྗང”སྒྱུར་བྱས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ས་འཕགས་མཐོ་ཚད་སྨི4000ཡན་གྱི་མཚོ་བོད་ས་མཐོ་རུ“མ་རྩ་དམའ་ཤོས་དང་། ལག་རྩལ་གསར་ཤོས།  སྡེབ་སྦྱོར་བཟང་ཤོས”བཅས་གནད་ཚིག་ཡིན་པའི་རོང་འབྲོག་ཁུལ་གྱི་གཞུང་ལམ་བཅོས་སྒྱུར་བཟོ་སྐྲུན་ལས་དོན་གྱིས་རོང་འབྲོག་མང་ཚོགས་ཀྱི་འཚོ་བར་ཡུན་གྱིས་འགྱུར་ལྡོག་གཏོང་བཞིན་འདུག གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱིས་ལོ་གསུམ་རིང་རོང་འབྲོག་ཁུལ་གྱི་གཞུང་ལམ་སྤྱི་ལེ8000“ལྗང”སྒྱུར་བྱས། སྔོན་དཔག་བྱས་ན་ད་དུང་སྤྱི་ལེ2000ལྷག་གི་ཞིང་སྡེའི་བགྲོད་ལམ་བཅོས་སྒྱུར་བྱ་རྒྱུ་རེད།

2023ལོར། མཚོ་སྔོན་གྱིས་གཞུང་ལམ36དང་སྤྱི་ལེ1018ཀྱི་ལམ་དུམ་ཚོད་ལྟའི་བཅོས་སྒྱུར་རྣམ་གྲངས་སུ་བདམས་ཏེ། ད་ཡོད་ཀྱི་ལམ་ངོས་རྒྱུ་ཆ་བེད་སྤྱད་དེ་ལམ་ངོས་ཀྱི་ས་བརྐོ་བ་དང་འདམ་བག་བརྫི་བ་སོགས་ཀྱི་ལས་ཀ་ཐེངས་གཅིག་གིས་གྲུབ་ནས“ས་མཐོའི་དམིགས་བསལ་མངའ་ཁོངས་ཀྱི་གཞུང་ལམ་སྐྱེ་དངོས་འཛུགས་སྐྲུན་ལག་རྩལ་པར་གཞི1.0”ཅན་ཆགས་པ་དང་། 2024ལོར་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་ཞང་གི་ལམ་དང་སྡེ་བའི་ལམ212དང་སྤྱི་ལེ5000ཡས་མས་ཀྱི་བྱེ་ལམ་དུམ་བུ་བདམས་ནས་ལག་རྩལ་འདི་བེད་སྤྱད། ཨར་འདམ4.5%དང་། པའེ་ལི་ཀུའུ། མཉམ་འདུས་ལམ་ངོས་དྲག་སྐྱེད་རྫས་སོགས་ཀྱི་བྱ་ཐབས་སྤྱད་དེ་ལམ་ངོས་ཀྱི་དྲག་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་བརྡར་བཟོད་རང་བཞིན་ཆེ་རུ་བཏང་བ། བྱེ་རྡོག་དང་ཐལ་རྡུལ་ཇེ་ཉུང་དུ་བཏང་སྟེ“ས་མཐོའི་དམིགས་བསལ་ས་ཁོངས་ཀྱི་གཞུང་ལམ་སྐྱེ་ཁམས་འཛུགས་སྐྲུན་ལག་རྩལ་པར་གཞི2.0”ཅན་འཚོལ་ཞིབ་བྱས།

མཚོ་ནུབ་ནས་ཡུས་ཧྲུའུ་དང་། མགོ་ལོག་ནས་རྨ་ལྷོ་བར་གསར་དུ་སྐྲུན་པའི་བགྲོད་ལམ་རེ་རེ་ཡིས་མཚོ་སྔོན་གྱི་རྫོང20(གྲོང་ཁྱེར)ཡི་རོང་འབྲོག་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་སྦྲེལ་ཏེ་ཞིང་སྡེ་དང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན། ད་ལོར། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ས་མཐོའི་དམིགས་བསལ་མངའ་ཁོངས་ཀྱི་གཞུང་ལམ་སྐྱེ་ཁམས་འཛུགས་སྐྲུན་གྱི་ལག་རྩལ110ལག་བསྟར་བྱས་ཤིང་། དེར་གཞུང་ལམ་སྤྱི་ལེ2000དང་འབྲེལ་ཡོད་ལ། མིག་སྔར་ཇུས་འགོད་ལས་དོན་ཡོངས་རྫོགས་འགྲུབ་ཡོད་པས་འཆར་གཞི་བཏོན་རྗེས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་རེད། ། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།