[ཏང་གི་དྲིན་གཟོ་བ། ཏང་གི་བཀའ་ཉན་པ། ཏང་གི་རྗེས་སུ་འབྲངས་པ། ཞི་མཐུན་མཚོ་སྔོན་དུ་བསྐྱོད་པ།] རྨ་ལྷོ་རྫོང་རྨ་ཁུལ་རྩྭ་ཐང་དུ་རྒོད་མའི་འོ་མ་བཞོས་ཏེ་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུ་བཏོད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཟླ3པའི་ཚེས29ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་དུ། ཞོགས་པའི་སྐྱ་མདའ་བཀྱགས་པ་དང་མཉམ་དུ་རླུང་བུ་དལ་གྱིས་ལྡང་བས་རྩི་ཤིང་གི་མགོ་ལྕོག་ལྡེམ་ཞིང་འཁྱག་སིབ་སིབ་ཀྱི་ཚོར་བ་ཞིག་སྦྱིན་ཡོང་། ཐག་མི་རིང་བའི་ཤ་རི་ལབ་ཙེ་རྨ་ཁུག་རྟ་མཆོག་མཉམ་ལས་ཁང་གི་རྟ་རའི་ནང་དུ། ཤ་ཤེད་རྒྱས་པའི་རྒོད་མ་འགས་བག་ཕེབས་ཀྱིས་རྔ་མ་གཡུགས་བཞིན་འདུག་ལ། བུད་མེད་ལས་བཟོ་པ་ཚོས་གོ་རིམ་ལྡན་པའི་ངང་ཉིན་གཅིག་གི་ངལ་རྩོལ་གྱི་མགོ་བརྩམས།

མཉམ་ལས་ཁང་གི་ལས་འཛིན་དཔོན་སྒྲོལ་མ་འཚོས་རྒོད་མ་ལྕགས་དྲར་བཅུག་རྗེས། ཐད་ཀར་མདུན་ཕྱོགས་སུ་སོང་ནས་རྒོད་མའི་སྐེ་ལ་བྱིལ་བྱིལ་བྱེད་ཞོར་གསར་དུ་ཡོང་བའི་རྒོད་མ་བཞོ་མཁན་སྐལ་བཟང་ལྷ་མོ་ཚུར་བོས་ནས“རྒོད་མ་བཞོ་དགོས་ན་ཐོག་མར་རྒོད་མ་དང་ཉེ་བར་བཅར་ནས། རྒོད་མ་རང་ལ་ལོབས་སུ་འཇུག་དགོས། རྩྭ་ཐང་གི་རྒོད་མར་རྣམ་རིག་འཛོམས་པོ་ཞིག་ཡོད་པས་ཁྱོད་ཀྱིས་གནོད་པ་མི་བྱེད་པ་ཤེས་ན་ཧ་ཅང་གཡུང་མོར་འགྱུར་ངེས”ཟེར།

སྒྲོལ་མ་འཚོས་རྒོད་མའི་འོ་མ་འཇོ་བཞིན་པ།

“འོ་མ་བཞོ་དུས་རྒོད་མའི་རྩིབ་ལོགས་སུ་ཙོག་པུར་འདུག་པ་ལས་རྒྱབ་ཕྱོགས་ཏག་ཏག་ནས་གཏན་ནས་འགྲེང་མི་རུང་། རྟ་ལ་རྐང་ཤེད་ཆེ་བས། སེམས་ཆུང་མ་བྱས་པར་འཕྲས་བརྒྱབ་ན་རང་ཉིད་ལ་གནོད་འཚེ་ཕོག་སྲིད”ཅེས་སྒྲོལ་མ་འཚོས་ངང་རྒྱུད་རིང་མོས་སྐལ་བཟང་ལྷ་མོར་མངགས་བཅོལ་བྱེད་བཞིན་འདུག

དེ་ནས། སྒྲོལ་མ་འཚོས་རྒོད་མའི་ནུ་མགོར་འཇུས་ཏེ་ལྡེམ་ཆ་ལྡན་པའི་ངང་འཕུར་མཉེད་བྱས་པ་དང་མཉམ་དུ་འོ་མ་བཞོས་ཤིང་། མོའི་མཛུབ་མོའི་དམ་ལྷོད་བར་ནས་དཀར་ཤག་ཤག་གི་རྒོད་མའི་འོ་མ་བཞོ་ཟེའུ་ནང་དུ་འཁྱིལ།

“འོ་མ་བཞོ་དུས་མཛུབ་མོའི་ཤེད་ཤུགས་དོ་མཉམ་དགོས། ཁྱོད་ཤོག་ལ་ཚོད་ལྟ་ཞིག་བྱོས་དང”ཟེར་བཞིན་སྒྲོལ་མ་འཚོས་སྐལ་བཟང་ལྷ་མོར་འོ་མ་བཞོ་རུ་བཅུག

བཞོས་མ་ཐག་པའི་རྒོད་མའི་འོ་མ་སྣོད་དུ་ལྡུག་བཞིན་པ།

སྒྲོལ་མ་འཚོའི་མཛུབ་སྟོན་ཞིབ་མོའི་འོག སྐལ་བཟང་ལྷ་མོས་རིམ་གྱིས་འོ་མ་བཞོ་བའི་ཚོར་བ་རྙེད་པ་དང་། ལག་བྱང་དུ་སོང་ནས་རྒོད་མའི་འོ་མ་བཞོས་བྱུང་བར་མ་ཟད། འོ་མའི་རྒྱུན་ཡང་ཆད་པ་མེད་པར་གྱུར། མོ་གཉིས་ཀ་ཕན་ཚུན་ལ་བལྟས་ནས་བགད་བྱུང་ལ། ཞོགས་པའི་ཉི་འོད་ཀྱིས་རྟ་རའི་བར་གསེང་བརྟོལ་ཏེ། རྒོད་མ་བཞོ་མཁན་མའི་འཛུམ་མདངས་འཕྱུར་བའི་གདོང་ལ་འཕྲོས། བར་སྐབས་དེར། འོ་མ་འོ་ཟེའུ་གང་གིས་ངལ་རྩོལ་གྱི་འབྲས་བུ་མཚོན་པ་ཙམ་མ་ཡིན་པར། དེ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསོན་ཉམས་ལྡན་པའི་མཚོན་རྟགས་ཞིག་ཡིན་ལ། མི་རིགས་སོ་སོ་རྩྭ་ཐང་དེ་རུ་འཆམ་མཐུན་མཉམ་གནས་དང་ཕན་ཚུན་མཉམ་འདྲེས་བྱས་པའི་མཛེས་སྡུག་གི་རྣམ་པ་མཚོན་ཡོད།

“རྨ་ལྷོ་རྫོང་དུ‘ནོར་བུ་གསུམ’ཡོད་དེ། དེ་ནི་དབོས་རའི་ལུག་དང་ཤོ་དོ་ནོར་གནག རྨ་ཁུག་རྟ་མཆོག་བཅས་རེད། ང་ཚོའི་རྟ་ནི་རྨ་ཁུག་རྩྭ་ཐང་ནས་འཚར་ལོངས་བྱུང་བ་དང་། གནས་དེའི་ཁོར་ཡུག་གཙང་ལ་སྦགས་བཙོག་མེད་པས། རྒོད་མའི་འོ་མ་ཡི་སྤུས་ཚད་ཀྱང་རང་བཞིན་གྱིས་བཟང་བ་རེད།”སྒྲོལ་མ་འཚོའི་སྐད་སྒྲའི་བར་གསེང་དུ་སྤོབས་པའི་ཉམས་ཀྱིས་ཁེངས་ཡོད།རྨ་ལྷོ་རྫོང་དུ། སྲོལ་རྒྱུན་གྱི་ཕྱུགས་ལས་ནི་རང་བྱུང་ཁམས་ལ་བརྟེན་ནས་གཉེར་དགོས་པས། རང་བྱུང་གི་གནོད་འཚེ་འགོག་པའི་ནུས་པ་ཅུང་ཞན་ལ། སོག་རིགས་དང་བོད་རིགས་སོགས་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཉུང་ལ་བརྟན་འཇགས་མིན།“ངེད་ཚང་གིས་ཕ་མེས་ཡང་མེས་ནས་རྟ་གསོས་པ་ཡིན། ང་རང་ཆུང་དུས། ཕ་མ་གཉིས་ཀས་དགུན་གསུམ་བཙག་དང་དབྱར་གསུམ་ཆར་ཆུའི་ཁྲོད་དཀའ་སྡུག་མང་པོ་མྱོང་བཞིན་ཡོད་ལ། ལོ་གཅིག་གི་ཡོང་སྒོ་རྟ་རེ་འགའ་འཚོང་ཐུབ་མིན་ལ་རག་ལས་ཡོད།”གོ་སྐབས་བཟང་པོ་ཞིག་ལ་འཕྲད་དེ། སྒྲོལ་མ་འཚོས་རྒོད་མའི་འོ་མར་སྤྲི་དཀར་རྫས་ཀྱི་འདུས་ཚད་མཐོ་བ་དང་། འཚོ་རྒྱུ་དང་གཏེར་རྒྱུ་མང་པོ་འདུས་པས་འཚོ་བཅུད་ཀྱི་རིན་ཐང་ཧ་ཅང་མཐོ་བ་ཤེས། དུས་རྒྱུན་རྩྭ་ཐང་དུ་རྨ་ཁུག་རྟ་མཆོག་དང་འགྲོགས་ནས་ཡོད་པའི་མོས་རང་བྱུང་གི་འཚོ་བཅུད་འདུས་པའི་རྒོད་མའི་འོ་མར་ཁྲོམ་རའི་སྦས་ཤུགས་ཆེན་པོ་ཡོད་པ་ཤེས།སྒྲོལ་མ་འཚོས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འགན་སྲུང་གལ་ཆེན་ཡིན་པ་དང་། དཔལ་འབྱོར་འཕེལ་རྒྱས་སོང་ན། ད་གཟོད་མི་རིགས་སོ་སོ་སྔར་ལས་མཐུན་སྒྲིལ་དམ་ཟབ་ཀྱིས་མཉམ་གནས་ངང་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པ་དེ་བས་གསལ་པོར་རྟོགས་ཡོད།རེ་བས་ཁེངས་པའི་འཆར་གཞི་ཞིག་སྒྲོལ་མ་འཚོའི་སེམས་སུ་མགྱོགས་མྱུར་ངང་གྲུབ། མོས་མཉམ་ལས་ཁང་འཛུགས་རྒྱུའི་སེམས་ཐག་བཅད། ཕ་ཡུལ་གྱི་ཁྱད་དུ་འཕགས་པའི་རྨ་ཁུག་རྟ་མཆོག་གི་ཐོན་ཁུངས་ལ་བརྟེན་ནས། གསོ་སྤེལ་དང་འཚོལ་བསྡུ། ཕྱིར་འཚོང་བཅས་གཅིག་འདུས་ཡིན་པའི་རྒོད་མའི་འོ་མ་ཡི་ཐོན་ལས་སྦྲེལ་ཐག་བསྐྲུན་པས། དཀར་གཙང་གི་རྒོད་མའི་འོ་མ་ནི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་གྱུར་ཅིང་།  སོག་རིགས་དང་བོད་རིགས་སོགས་མི་རིགས་སོ་སོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབྱོར་ཕྱུག་གི་འཚོ་བ་རོལ།

“རྨ་ཁུག་རྟ་ནར་སོན་ཡུན་རིང་བས། ལོ5འམ་གཅིག་མའི་སྟེང་རྟེའུ་རྩེབས་ནས་ཟླ3འགོར་རྗེས་ད་གཟོད་འོ་མ་བཞོས་ཆོག དབྱར་ཁར་རྩྭ་ཐང་ནས་རང་དབང་གིས་རྩྭ་རྩི་ཏོག་ཟ་བ་དང་། དགུན་ཁར་སེམས་ཞིབ་མོས་སྡེབ་སྦྱོར་བྱས་པའི་རྩྭ་མུའུ་ཞུས་དང་ཡུག་རྩྭ་སོགས་གཟན་ཆས་སྟེར་དགོས།”སྒྲོལ་མ་འཚོས་དགོད་ཞོར་དུ། བལྟས་པ་ཙམ་གྱིས“ཡུན་རིང་བའི”རེ་སྒུག་འདི་ལ་དོན་དངོས་སུ་ཕན་པ་མང་པོ་ཡོད། གཅིག་ནས་རྨ་ཁུག་རྟ་འཚར་སྐྱེ་བྱེད་པར་དུས་ཚོད་འདང་ངེས་ཡོད་པས། རུས་རྐང་དང་ཤ་གནད་སོགས་འཚར་ལོངས་གང་ལེགས་འབྱུང་ཐུབ། དེས་རྗེས་ཕྱོགས་སུ་རྒོད་མའི་འོ་མ་སྤུས་ལེགས་ཐོན་པར་རྨང་གཞི་བརྟན་པོ་བཏིངས་པ་རེད། གཉིས་ནས་རྟེའུ་རྩེབས་རྗེས་ཟླ3གྱི་རིང་ལ་ངལ་གསོ་བྱས་ཆོག་པ་དང་། རྒོད་མའི་ལུས་ཤུགས་སླར་གསོ་བྱེད་ཁོམ་ཡོད་པས། འོ་མའི་འཚོ་བཅུད་ཀྱི་གྲུབ་ཆ་སྔར་ལས་དོ་མཉམ་དང་སྤུས་ཚད་སྔར་ལས་བཟང་བ་ཡིན།སྒྲོལ་མ་འཚོའི་འབད་བརྩོན་བརྒྱུད། རྟའི་སྤུས་ཀར་མཐོར་འདེགས་མངོན་གསལ་བྱུང་བ་དང་། འོ་མའི་སྤུས་ཀ་བཟང་པས་ཁྲོམ་ར་ནས་དགའ་བསུ་ཆེན་པོ་ཐོབ། མོས་བཤད་རྒྱུར“དབྱར་དུས་སུ་རྨ་ཁུག་རྒོད་མའི་འོ་མའི་ཐོན་ཚད་ཧ་ཅང་མཐོ། ཉིན་གཅིག་ལ་སྤྱི་རྒྱ30ལྷག་འཚོང་ཐུབ། སྤྱི་རྒྱ1ལ་སྒོར100ཡིན། མིག་སྔར། ཉིན་གཅིག་གི་བརྟན་འཇགས་ཀྱི་ཐོན་ཚད་སྤྱི་རྒྱ15ཡས་མས་རེད”ཟེར།

སྒྲོལ་མ་འཚོས་རང་ཉིད་གཅིག་པུའི་སྟོབས་ཤུགས་ལ་བརྟེན་ན་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་འབྱུང་མི་ཐུབ་པ་གསལ་པོར་རྟོགས། དེ་བས། མོས་ཧུར་ཐག་གིས་ཉེ་འཁོར་གྱི་སོག་རིགས་དང་བོད་རིགས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཚང་མ་མཉམ་དུ་རྒོད་མའི་འོ་མ་ཡི་ཐོན་ལས་འཕེལ་རྒྱས་ཁྲོད་ཟབ་ཞུགས་བྱེད་དུ་བཅུག སོག་རིགས་མང་ཚོགས་ཁ་ཤས་ལ་རྟ་གསོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས། རྟའི་གཟན་ཆས་དང་འཚོ་སྐྱོང་ལ་འགན་འཁུར་བ་དང་། བོད་རིགས་མང་ཚོགས་ཀྱིས་ལག་བཟོའི་བཟོ་རྩལ་ལ་བརྟེན་ནས་རྒོད་མའི་འོ་མའི་ཐོན་རྫས་ཀྱི་ཐུམ་ཤོག་ཇུས་འགོད་བྱས། གཞན་ཡང་། སྒྲོལ་མ་འཚོ་དང་ས་གནས་མང་ཚོགས་ཀྱིས་མཉམ་དུ་སྐྱུར་བསྙལ་བཟོ་རྩལ་ཞིབ་འཇུག་བྱས་ཏེ། རྒོད་མའི་འོ་མ་ཡི་ཞོ་བསྙལ་ཏེ་ཐོན་རྫས་ཀྱི་རིགས་ཕུན་ཚོགས་སུ་བཏང་བ་རེད།མཉམ་ལས་ཁང་གིས་མི་རིགས་སོ་སོའི་མང་ཚོགས་ལ་བརྟན་འཇགས་ཀྱི་བྱ་བའི་ལས་རྐང་མཁོ་འདོན་བྱས་པས་ཁོ་ཚོའི་ཡོང་སྒོ་འཕར་སྣོན་བྱུང་། མི་རིགས་མི་གཅིག་པའི་ཡུལ་གྲོགས་རྣམས་ཀྱིས་འོ་མ་བཞོ་བ་དང་ལས་སྣོན། ཕྱིར་འཚོང་སོགས་ལས་རིམ་མཐུན་སྦྱོར་དམ་ཟབ་བྱས་ཏེ། ཕན་ཚུན་གྱི་བརྩེ་བ་ཇེ་ཟབ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བྱེད་ཀྱིན་ཡོད།དེང་སྐབས། རྨ་ཁུག་རྒོད་མ་ཡི་འོ་མའི་ཐོན་ལས་འཕེལ་རྒྱས་བྱུང་སྟེ། འབྲོག་པ་རྣམས་ཀྱི་ཡོང་སྒོ་ཆེས་ཆེར་འཕར་བ་དང་། འཚོ་བར་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྒྲོལ་མ་འཚོས་རང་གི་འགུལ་སྐྱོད་ལ་བརྟེན་ནས་ཡུལ་མི་རྣམས་ཀྱི་ཕྱུག་འགྱུར་གྱི་ཕུགས་འདུན་མངོན་འགྱུར་བྱས་པར་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རྩྭ་ཐང་དེ་ན་སྔར་ལས་མཚར་སྡུག་གིས་བཞད་ཡོད། རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་རྩྭ་ཐང་འདི་ནས་རྒོད་མའི་འོ་མ་བཞོ་ཟེའུ་རེ་རེ་ཡིས་མི་རིགས་སོ་སོའི་མཐུན་སྒྲིལ་འབད་བརྩོན་གྱི་མཛེས་སྡུག་གི་འཐབ་ལམ་བདེན་དཔང་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།