མང་རྫོང་གིས་གཟན་རྩྭའི་ཐོན་ལས་ཀྱིས་ཁྱིམ་གཞིས་སྔོ་ལྗང་དུ་གྱུར་ནས་མི་སེར་ཕྱུག་པོ་ཆགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་མང་ཆུ་གྲོང་རྡལ་དུ་གནས་པའི་མཚོ་སྔོན་དེང་རབས་རྩྭ་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཐོན་རྫས་འགྲེམས་སྟོན་ཁུལ་དུ“རྩྭ་སྡེ་ཟླུམ་པོ”དང“རྩྭ་སྡེ་ལེབ་མོ”“རྩྭ་སྡེ་རིལ་བུ”སོགས་རྩྭ་རིགས་སྣ་ཚོགས་ཀྱི་ཐོན་རྫས་སྣ་ཁ་མང་པོ་ཡོད་པ་དེ་ནི་ཀུང་སི་དེས་སྐྱེ་འཚར་དུས་མཚམས་མི་འདྲ་བའི་ནོར་ལུག་ལ་དམིགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་སྡེབ་སྦྱོར་བྱས་པའི་གཟན་ཆག་རེད།

“ཁ་འཚམ་རང་བཞིན་དང་།འཚོ་བཅུད་གྲུབ་ཆ།ཉར་ཚགས་སོགས་ཀྱི་ཐད་ནས་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ་ནོར་ལུག་གི་ལྟོ་ཆས་བཟའ་སྐབས་འཚོ་བཅུད་དོ་སྙོམས་ཡོང་བ་བྱེད་དགོས”འགྲེམས་སྟོན་ཁུལ་དུ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཡའོ་ལེ་མིང་གིས་གསར་འགོད་པར་རྩྭའི་ཐོན་རྫས་སྣ་ཚོགས་ཀྱི་ཁྱད་པར་དང་ལེགས་ཆ་མི་འདྲ་བ་ངོ་སྤྲོད་བྱས།

“མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྣོད་བཅུད་ཡིན་པ་དང་།འགན་འཁྲི་ཆེ་ཤོས་ནི་སྣོད་བཅུད་ཡིན་པ།མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྣོད་བཅུད་ལ་ཐུག་ཡོད”གཟན་རྩྭའི་ཐོན་ལས་འཕེལ་རྒྱས་བཏང་ནས་མང་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་པ་མ་ཟད།སྣོད་བཅུད་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ལྡན་ཡོད།

མང་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་རྟེན་གཞི་གལ་ཆེན་ཞིག་ཡིན་པའི་ངོས་ནས་གཟན་རྩྭ་མཁོ་སྤྲོད་བྱེད་ནུས་ཆེ་རུ་གཏོང་བའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད།དེ་ནི་མཚོ་སྔོན་དེང་རབས་རྩྭ་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འདེམས་ཡུལ་མང་རྫོང་དུ་ཡོད་པའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་རེད།

མཚོ་སྔོན་དེང་རབས་རྩྭ་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་2010ལོར་བཙུགས་པ་དང་ཞིང་ཆེན་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དང་།མཐོ་གསར་ལག་རྩལ་ཁེ་ལས།ཚན་རིག་ཁྱབ་གདལ་དཔེ་སྟོན་རྟེན་གཞི་ཡག་ཤོས་བཅུ་བཅས་ཡིན་ལ་མཚོ་སྔོན་ཞིང་ཆེན་གཟན་རྩྭ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མཚོ་ལྷོ་ཁུལ་གཟན་རྩྭ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཚན་པའང་ཡིན།

ལོ་དེ་དག་ནང་ཀུང་སིས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་དང་།མཚོ་སྔོན་སློབ་ཆེན།མཚོ་སྔོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་དང་འབྲོག་ལས་ཚན་རིག་ཁང་བཅས་ཀྱི་སྔོན་ཐོན་གཟན་རྩྭའི་ཚན་རིག་ལག་རྩལ་གྱི་རྒྱབ་སྐྱོར་ལ་བརྟེན་ནས་ཚན་ཞིབ་དང་།ཚོད་ལྟ།དཔེ་སྟོན།ཐོན་སྐྱེད།ཁྱབ་གདལ།གཉེར་སྐྱོང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་འཕེལ་རྒྱས་ལ་སྔ་རྗེས་སུ་ཁེ་བེད་བདག་ཐོབ་ཁག་8དང་ཞིང་ཆེན་རིམ་པའི་ཚན་རྩལ་གྲུབ་འབྲས་ཁག་6ཐོབ་ཡོད་པ་རེད།

ཡའོ་ལེ་མིང་གིས་རྩྭའི་ཐོན་ལས་འཕེལ་རྒྱས་དེ་སྣོད་བཅུད་འབྲོག་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་ཡོད།མིག་སྔར་ཀུང་སིས་མང་རྫོང་གི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལག་ལེན་དང་འཕེལ་རྒྱས་ཀྱི་ལས་སྟེགས་སུ་བྱས་ཏེ་དེང་རབས་ཞིང་འབྲོག་ཟུང་འབྲེལ་རང་བཞིན་གྱི་འབྲོག་ལས་འཕེལ་རྒྱས་བཏང་ནས་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་དཔེ་སྟོན་ཁུལ་བཏོད་པ་དང་།“རྒྱ་སྟོབས་ཆེ་རུ་གཏོང་བ།སྤུས་ལེགས་སུ་གཏོང་བའི”གཟན་རྩྭའི་ཐོན་ལས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས་རྩྭའི་ཐོན་ལས་ཀྱི་འབྲེལ་ཐག་ཧྲིལ་པོའི་མ་ལག་མགྱོགས་མྱུར་བསྐྲུན་ཏེ་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་བཟང་པོ་ཞིག་ཏུ་འཁོར་བསྐྱོད་ཐུབ་པར་སྐུལ་དགོས།

སྣེ་འདྲེན་ཁེ་ལས་ཤིག་ཡིན་པའི་མཚོ་སྔོན་དེང་རབས་རྩྭ་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་ཉིན་ནས་བཟུང་།“ཀུང་སི་དང་།གྲོང་ཚོའི་མཉམ་སྡེབ།མཉམ་ལས་ཁང་།(ཁྱིམ་ཚང་ཞིང་འབྲོག་ར།)རྟེན་གཞི།ཞིང་དུད་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་གསར་པ་བསྣན་པ་དང་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རོགས་བྱས་ཡོད།

2024ལོར་ཀུང་སིས་ཞིང་འབྲོག་པའི་གཟན་རྩྭ་སྣ་ཚོགས་མུའུ་ཁྲི་4བརྒྱུད་བཤུག་བྱས་པ་དང་ཉེ་འཁོར་གྲོང་ཚོའི་མཉམ་སྡེབ་དང་།མཉམ་ལས་ཁང་།ཞིང་འབྲོག་དུད་ཚང་བཅས་མུའུ་ཁྲི་6ལ་ཁྱབ་འགྱེད་ཐུབ་ཡོད།མུའུ་རེར་ལོ་རེའི་རྨོ་ཞིང་འཁོར་རྒྱུག་འགྲོ་གྲོན་སྒོར་500གཞིར་བཟུང་མང་རྫོང་མང་ཆུ་གྲོང་རྡལ་རྒྱ་ཐོག་གྲོང་ཚོར་ལོ་རེར་འཁོར་རྒྱུག་འགྲོ་གྲོན་སྒོར་ཁྲི་40ཡོད་པ་མ་ཟད།གན་རྒྱ་ལོ་བཞིའི་ནང་མིང་རྟགས་རེ་བཀོད་པར་ཁྱོན་སྒོར་ཁྲི་160ཡོད་པ་རེད།

“ང་ཚོའི་ཐར་ཤུལ་ཤང་གི་ས་ཞིང་ཕྱེད་ཀ་ཙམ་དེང་རབས་རྩྭ་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིར་བརྒྱུད་བཤུག་བྱས་ཡོད།ད་ཆ་ལོ་ལྟར་བརྒྱུད་བཤུག་བྱས་པའི་ས་ཞིང་གི་གཏན་འཇགས་ཡོང་འབབ་ཡོད་པ་ཕུད།གྲོང་མི་ཚོས་ད་དུང་སྒོ་རྩར་ཡོང་འབབ་རག་གི་ཡོད་པས་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད”མང་རྫོང་ཐར་ཤུལ་ཤང་འབའ་ཐང་གྲོང་གསར་གྱི་གྲོང་མི་མཱ་ཏེ་ཕུའུ་ཡིས་བསྲེས་འདེབས་ལག་རྩལ་སྤྱད་པས་ས་རྒྱུ་ཡང་དེ་བས་གཤིན་པོ་ཡོད།

འཁོར་རྒྱུག་འགྲོ་གྲོན་ཕུད།ལོ་ལྟར་གྱི་ཟླ་3པ་ནས་11པའི་བར་མཚོ་སྔོན་དེང་རབས་རྩྭ་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་ད་དུང་རྒྱུན་ཆད་མེད་པར་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་བཟོ་གྲྭར་ལས་ཀ་བྱེད་པར་བསྡུ་ལེན་བྱེད་ཀྱི་ཡོད་པ་དང་།དེའི་ནང་འདོན་འཇུག་དང་།བསྡམས་བཀྱིགལས་སྣོན་སོགས་ཚུད་པའི་མི་རེའི་ཆ་སྙོམས་འབབ་འཕར་སྒོར་3000ནས་སྒོར་4000བར་ཡོང་གི་ཡོད་པ་དང་།2024ལོ་ཁོ་ནར་ངལ་རྩོལ་ནུས་ཤུགས་མི་ཐེངས་5000བསྡུ་གི་ཡོད།

མི་རིང་བའི་གོང་མཚོ་སྔོན་དེང་རབས་རྩྭ་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད་གཞི་ཁྱོན་ཡན་གྱི་ཁེ་ལས་བསྡོམས་རྩིས་ཁྱབ་ཁོངས་ནང་དངོས་སུ་བཅུག་ནས་མང་རྫོང་གི་སྒྲིག་སྲོལ་མེད་པའི་ཁེ་ལས་ཀྱི་སྟོང་ཆ་བསྐངས་ཡོད།ཚད་བརྒལ་དེ་ཐོག་ནས་ཁེ་ལས་དེས་གཉེར་སྐྱོང་གཞི་ཁྱོན་དང་ཕན་འབྲས་སོགས་ཐད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་པ་དང་ཆབས་ཅིག་མཚོ་ལྷོ་ཀྲོའུ་ཡི་བཟོ་ལས་དཔལ་འབྱོར་ལ་གསོན་ཤུགས་གསར་པ་བསྣན་ཡོད།

མིག་སྔར་དེང་རབས་རྩྭ་ལས་ཀྱིས་གླིང་ཁུལ་དུ་ས་ཁྱོན་མུའུ་70ལྷག་ཙམ་ཟིན་པ་དང་།གསོག་འཇོག་མཛོད་སོགས་སྒྲིག་བཀོད་སྨི་ངོས་གྲུ་ཁྲི་2ཙམ་བསྐྲུན་པ།འཕྲུལ་ཆས་སྣ་ཚོགས་ཁག་75(ཆ་ཚང)གཟན་རྩྭ་ཐོན་སྐྱེད་བྱེད་རིམ་3ཡོད་པ།རྩྭ་རིལ་དང་།རྩྭ་དུམ།རྩྭ་སྡོམ་སོགས་ཐོན་རྫས་སྣ་ཚོགས་ཐོན་སྐྱེད་དང་ཞིབ་འཇུག་གསར་སྤེལ་བྱས་པ།ལོ་ཧྲིལ་པོར་རྩྭ་ཐོན་རྫས་སྣ་ཚོགས་ཏུན་ཁྲི2ཐོན་སྐྱེད་ལས་སྣོན་བྱས།

གཞི་ཁྱོན་གལ་ཆེན་ཡིན་པ་སྨོས་མེད་ཡིན་མོད།འོན་ཀྱང་ཚན་རྩལ་གསར་གཏོད་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་པའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་ལ།གཞི་ཁྱོན་ལྡན་པའི་ཁེ་ལས་ཀྱི་ནང་གནས་རིན་ཐང་བསྡུར་ཞིབ་བྱེད་པའི་འགག་རྩའི་རྒྱུ་རྐྱེན་ཞིག་ཀྱང་ཡིན།

“བསྲེས་འདེབས་ལག་རྩལ་དེས་ས་རྒྱུའི་གཤིན་ཚད་དང་གཟན་རྩྭའི་འཚོ་བཅུད་མང་དུ་གཏོང་ཐུབ།ས་རྒྱུའི་སྤུས་ཚད་ལེགས་སུ་ཕྱིན་པ་མ་ཟད།ད་དུང་སྤུས་ལེགས་ཀྱི་གཟན་རྩྭ་ཡང་ཐོན་ཐུབ”ཡའོ་ལེ་མིང་གིས་ཀུང་སི་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་ལག་རྩལ་དང་གྲུབ་འབྲས་བཀོལ་སྤྱོད་གཞན་སྒྱུར་ཐད་ཚན་ཞིབ་ཚན་པའི་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད།

གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།མཚོ་སྔོན་སློབ་ཆེན་འབྲོག་ལས་ཕྱུགས་རིགས་སྨན་པ་ཚན་རིག་ཁང་གི་ཕྱུགས་རྩྭ་འདེབས་གསོའི་ཚོགས་པས་ཀུང་སི་དེ་བཙུགས་མ་ཐག་པའི་དུས་ནས་ལག་རྩལ་ཞབས་ཞུ་མཁོ་འདོན་བྱས་ཏེ་གཟན་རྩྭའི་སྣ་ཁ་འདེམས་པ་དང་།འདེབས་འཛུགས།ཞིང་ནང་དོ་དམ།ལས་སྣོན་ཕྱིར་ཚོང་སོགས་ལྷུ་ཚིགས་ནས་ཕྱོགས་ཡོངས་ནས་ལག་རྩལ་གྱི་འདེགས་སྐྱོར་དང་མཛུབ་ཁྲིད་བྱས་པ་རེད།

མིག་སྔར་དེང་རབས་ཀྱི་རྩྭ་ལས་འདེབས་འཛུགས་བྱས་པའི་གཟན་རྩྭའི་སྣ་ཁ་ཚང་མ་མཚོ་སྔོན་སློབ་ཆེན་འབྲོག་ལས་ཕྱུགས་རིགས་སྨན་པའི་ཚན་རིག་ཁང་གི་ཕྱུགས་རྩྭ་འདེབས་གསོའི་སོན་གསོའི་ཚོགས་པ་ནས་ནང་འདྲེན་བྱས་པ་ཞིག་ཡིན་པ་དང་།གཟན་རྩྭའི་སྣ་ཁ་དེ་དག་ཚང་མ་མཚོ་སྔོན་ཞིང་ཆེན་གྱིས་འདེམས་གསོ་བྱས་པའི་རང་ཡུལ་གྱི་སོན་ཡིན་པས་འཕྲོད་ནུས་དང་ཐོན་འབབ་ཡག་པོ་ལྡན་ཡོད་པ་རེད།ལྷག་པར་དུ་སྙེ་མའི་སྲན་མ་བསྲེས་འདེབས་བྱེད་སྟངས་ཀྱིས་གཟན་རྩྭའི་ཐོན་ཚད་མཐོ་རུ་ཤུགས་ཆེན་གཏོང་ཐུབ།

“གོམ་སྟབས་རྗེས་མར་ང་ཚོས་ཚན་ཞིབ་ཚན་པ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྣ་ཁ་གསར་སྒྱུར་དང་ལེ་ལག་ཚང་བའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་ཁེ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་དུས་མཇུག་གི་ཐོན་རྫས་ཁྲོམ་རའི་ཐོག་འགྲན་རྩོད་ནུས་པ་དེ་བས་ཆེ་བ་ཐོབ་པ་བྱ་རྒྱུ་ཡིན”ཅེས་ཡའོ་ལེ་མིང་གིས་བཤད།

ཡའོ་ལེ་མིང་དང་ཁ་བརྡ་བྱེད་སྐབས་གསར་འགོད་པས་ཤེས་རྟོགས་བྱུང་བར།ཀུང་སིས་ཐོན་སྐྱེད་བྱས་པའི་རྩྭ་སྐམ་དང་རྩྭའི་ཐོན་རྫས་ཀྱིས་ས་གནས་དེ་གའི་དགོས་མཁོ་སྐོང་བ་ཕུད།ད་དུང་ཞིང་ཆེན་ནང་ཁུལ་གྱི་མགོ་ལོག་དང་།ཡུལ་ཤུལ།རྨ་ལྷོ་སོགས་སུ་བཙོངས་ནས་གཙང་གསུམ་ཆུ་འགོའི་སྣོད་བཅུད་བཅོས་སྐྱོང་དང་གེགས་འགོག་ཕྱུགས་སྲུང་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད།

2019ལོའི་ཟླ་བཞི་པར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ་གངས་སྐྱོན་ཚབས་ཆེན་ཐོན་ཞིང་།མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་སྡེ་ཚན་གྱི་བཀོད་སྒྲིག་གཞིར་བཟུང་ཀུང་སིས་ཁྲོམ་རའི་རིན་གོང(བསྡམས་རེར་སྒོར་25)ལྟར་གེགས་ཁུལ་དུ་ཛ་དྲག་ངང་བཏང་བ་དང་སྐབས་དེ་དུས་མགོ་ལོག་ཀྲོའུ་ཡི་ཕྱུགས་རྩྭ་བསྡམས་རེར་སྒོར་55ཟིན་པ་དང་།ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གི་འགོ་ཁྲིད་གཙོ་བོ་ཁྲི་ཀ་རྫོང་དུ་གཏོང་འདྲེན་ལས་དོན་ལ་བཀོད་འདོམས་བྱེད་པར་ཡོང་བ་དང་།ཟོག་འདྲེན་རླངས་འཁོར་ཕྱེད་ཀ་བླུགས་ཚར་རྗེས་མཚན་མོ་དེ་རང་དུ་གེགས་ཁུལ་དུ་བསྐྱོད་དེ་ཡུལ་ཤུལ་ཀྲོའུ་ཨུད་དང་མང་རྫོང་ཨུད་ཀྱི་འགོ་ཁྲིད་གཙོ་བོའི་མཆན་བཀོད་མཛུབ་སྟོན་ཐོབ་ནས་དེང་རབས་ཀྱི་རྩྭ་ལས་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ཁས་ལེན་བྱས་པ་རེད།

ཁེ་ལས་ནི་སྤྱི་ཚོགས་ཁྲོད་ཀྱི་ཆ་ཤས་ཤིག་ཡིན་པས་འཕེལ་རྒྱས་གཏོང་རྒྱུ་དེ་སྤྱི་ཚོགས་དང་འབྲལ་ཐབས་མེད།དེར་བརྟེན་དེང་རབས་རྩྭ་ལས་ཀྱིས་རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ་དང་གེགས་ཁུལ་ལ་དངུལ་དང་དངོས་པོ་ཞལ་འདེབས་ཧུར་ཐག་བརྒྱབ་ནས་རྟག་ཏུ་བྱེད་སྒོ་སྣ་ཚོགས་སྤེལ་ནས་ས་གནས་དེ་གའི་དཀའ་ངལ་ཡོད་པའི་དུད་ཚང་ལ་རོགས་སྐྱོར་བྱས་ཏེ་ཁོང་ཚོར་གློག་མཁོ་འདོན་སྒྲིག་ཆས་དང་འཚོ་བའི་དངོས་ཟོག་སྤྲད་པ་རེད།

གཟན་རྩྭ་ཐོན་ལས་ཅན་གྱི་འཕེལ་རྒྱས་དེ་འཕྲུལ་ཆས་ཅན་གྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད་པ་དང་མང་རྫོང་སྲིད་གཞུང་གིས་ཕྱུགས་རྩྭ་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་མི་ཤུགས་དང་།དངོས་ཤུགས།ནོར་ཤུགས་བཅས་བསྡུ་སྒྲིལ་བྱས་ཏེ་ཞིང་འབྲོག་པ་དང་ཁེ་ལས་ཀྱིས་ཞིང་འཕྲུལ་ཆེ་གྲས་ཉོ་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ཡོད།

ལྷག་པར་དུ་དེང་རབས་རྩྭ་ལས་དང་ཀུའེ་ནན་ཧྥུང་རུན་རྩྭ་ལས་ཀུང་སིས་རྩྭ་ཐོན་ལས་ཞིང་འཕྲུལ་མཐུན་ཚོགས་བཙུགས་ནས་ཕྱུགས་རྩྭ་བརྔ་བསྡུ་ལས་སྣོན་ཞིང་འཕྲུལ་36དང་144ཉོས་པ་དང་།སྔོན་ཐོན་གྱི་རྩྭ་རྡོག་ཐོན་སྐྱེད་བྱེད་རིམ་བརྒྱུད་ཐོན་སྐྱེད་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ལོ་ལྟར་མཉམ་ལས་ཁང་དང་ནོར་ལུག་གསོ་ཚགས་དུད་ཚང་ཆེ་གྲས་དང་དེ་བཞིན་གེགས་འགོག་གཟན་རྩྭ་ཏུན་ཁྲི་ཁ་ཤས་མཁོ་འདོན་བྱས་པས།མང་རྫོང་གི་གཟན་རྩྭ་གསོག་འཇོག་དང་ཐོན་འབབ་ཀྱི་ཆུ་ཚད་མཐོ་རུ་བཏང་།

“མཚོ་ལྷོ་ཁུལ་སྣོད་བཅུད་འབྲོག་ལས་གསར་གཏོད་དཔེ་སྟོན་ཁུལ”དང“ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་ཁུལ”འཛུགས་སྐྲུན་ལག་བསྟར་བྱས་པ་དང་བསྟུན་ནས།མཚོ་སྔོན་དེང་རབས་རྩྭ་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་ཚོད་ལྟ་ཁུལ་ལག་ལེན་དང་འཕེལ་རྒྱས་ཀྱི་ལས་སྟེགས་སུ་བྱས་ཏེ་གཞི་ཁྱོན་ཆེ་ལ་སྤུས་ཚད་མཐོ་བ་དང་ནུས་ཆེའི་གཟན་རྩྭའི་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་།རྩྭའི་ཐོན་རྫས་ཐོན་སྐྱེད་ལས་སྣོན་གྱི་ལེ་ལག་ཚང་བའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་གཅིག་སྡུད་བྱེད་མགྱོགས་སུ་གཏོང་བ།ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཐོན་སྐྱེད་ལས་སྣོན་མ་ལག་དང་ཐོན་ལས་སྦྲེལ་ཐག་ཆ་ཚང་ཞིག་རིམ་བཞིན་ཆགས་པ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།