ཉིན་གུང་གི་དུས་སུ། ཧའེ་ཧུའུ་བརླན་སར་བསྐྱོད་པ་ན། རིང་ཚད་ལ་སྨི100ལྷག་མ་གཏོགས་མེད་པའི་ཙོང་ཆུའི་ཆུ་ལམ་དུ། གག་པ་གསེར་འཛིན100ལྷག་ཕར་རྐྱལ་ཚུར་རྐྱལ་བྱེད་བཞིན་འདུག དེ་དང་ཆབས་ཅིག་ཏུ། ཧའེ་ཧུའུ་བརླན་སའི་ལྷོ་ཁུལ་དང་བྱང་ཁུལ་གྱི་མཚེའུ་མང་པོ་ཞིག་གི་ནང་དུ་གག་པ་གསེར་འཛིན་དང་གག་པ་མཆུ་སེར་སོགས་ཆུ་བྱ་རྣམས་རྩེད་འཇོར་རོལ་བའི་རྣམ་པ་དེས་ཡུལ་སྐོར་པའི་ཡིད་དབང་བཀུག་ཡོད།
ལོ་ངོ་བཅུ་ལྷག་གི་ཡར་སྔོན་དུ། གག་པ་གསེར་འཛིན་ནི་ཟི་ལིང་དུ་མཐོང་དཀོན་པའི་ཆུ་བྱ་ཞིག་ཡིན་མོད། འོན་ཀྱང་འདས་ཟིན་པའི་ལོ་འགའི་ནང་གག་པ་གསེར་འཛིན་ཟི་ལིང་དུ་བདེ་བླག་ངང་སྐྱེ་འཕེལ་བྱུང་བར་མ་ཟད། ད་དུང་དུས་སྒུག་བྱ་རིགས་ནས་རང་ས་གནས་ཀྱི་མིས་ཉིན་རྒྱུན་མཐོང་ཐུབ་པའི་སྡོད་བྱ་ཞིག་ཏུ་གྱུར་ཡོད།
གག་པ་གསེར་འཛིན་ལས་གཞན། འབིགས་ལེན་པྲོག་ཟེའང་ཟི་ལིང་དུ་འཚོ་བའི་ཆུ་བྱ་ཞིག་རེད། འབྲེལ་ཡོད་འདབ་ཆགས་ལྟ་ཞིབ་ཟིན་ཐོ་ལས་མངོན་པ་ལྟར་ན།འདབ་ཆགས་དེ་རིགས་ཙོང་ཆུའི་བརླན་སའི་སྤྱི་གླིང་གི་པེ་ཁྲོན་ཆུ་བོའི་བརླན་ས་དང་ཉིང་ཧུའུ་བརླན་སར་འབོར་ཆེན་ཁྱབ་ཡོད།
བྱ་རིགས་ལ་ལྟ་ཞིབ་བྱེད་པར་དགའ་བའི་ཀྲའོ་མིང་གིས་གསར་འགོད་པར་བཤད་རྒྱུར། འདས་ཟིན་པའི་ལོ་འགའི་ནང་ཟི་ལིང་གི་ཙོང་ཆུའི་འབབ་རྒྱུད་ཕྱོགས་བསྡུས་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པོར་ཕྱིན་ནས་གག་པ་གསེར་འཛིན་དང་། འབིགས་ལེན་པྲོག་ཟེ། གག་པ་མཆུ་སེར་སོགས་གནས་སྤོས་བྱ་རིགས་བཅུ་ལྷག་གིས་ཟི་ལིང་དུ་བྱ་རབས་རྗེས་མ་གསོ་སྤེལ་བྱས་པས་ཟི་ལིང་གི་མིའི་འཚོ་བར་སྤྲོ་སྣང་བསྣན་ཡོད།
ངུར་བ་ནི2024ལོའི་དགུན་ཁར་ཟི་ལིང་དུ་ཐོན་པའི་གནས་སྤོས་ཆུ་བྱའི་གྲས་ཤིག་རེད། གྲོང་མི་ཀྲོའུ་ཅན་ཧྲེང་གིས་བཤད་རྒྱུར། ཆུ་ལམ་ཁྲོད་ཀྱི་གག་པ་གསེར་འཛིན་དང་བསྡུར་ན་ངུར་བར་དོགས་ཟོན་གྱིས་ཁེངས་ཡོད། མི་རྣམས་ཐག་ཉེ་སར་བཏུད་པའི་སྐབས་སུ།དེ་དག་གིས་རང་འགུལ་ངང་བར་ཐག་འཛིན་བཞིན་ཡོད། ན་ནིང་གི་ཟླ11པའི་ཟླ་མགོར་ནན་ཁྲོན་ཆུ་བོའི་ཆུ་ལམ་དུ་ངུར་བ10ལས་མེད་པ་དང་ད་ལོའི་ཟླ1པའི་ཟླ་མཇུག་ཏུ་ངུར་བའི་གྲངས་འབོར18བར་ཇེ་མང་དུ་ཕྱིན་ཡོད།
ཀྲའོ་མིང་གིས་བཤད་རྒྱུར། ཁོས་ལྟ་ཞིབ་བྱས་པ་ལྟར་ན། སྟོན་དུས་ནས་དགུན་དུས་བར་ཧའེ་ཧུའུ་བརླན་སའི་ཆུ་བྱ་རིམ་བཞིན་ཇེ་ཉུང་དུ་འགྲོ་བ་དང་།དགུན་དུས་ནས་མིག་སྔའི་དཔྱིད་དུས་བར་ཆུ་བྱ་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། དགུན་དུས་དང་དཔྱིད་དུས་སུ། ཟི་ལིང་དུ་དགུན་བརྒལ་བའི་ཆུ་བྱ་འདི་དག་གང་དུ་འཕུར་སོང་ངམ། ཁོས་བསམ་ན་ཟི་ལིང་གི་ཉིང་ཧུའུ་མཚེའུ་དང་པེ་ཁྲོན་ཆུ་བོ། དེ་བཞིན་ཧའེ་ཧུའུ་མཚེའུ། ནན་ཁྲོན་ཆུ་བོའི་བར་དུ། ཆུ་བྱ་ལའང་རང་ཉིད་གནས་སྤོ་བའི་ཆོས་ཉིད་ལྡན།
ཟི་ལིང་ཙོང་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་དོ་དམ་ཞབས་ཞུ་ལྟེ་གནས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ1པའི་ཟླ་དཀྱིལ་དུ་རྒྱལ་ཡོངས་ཀྱི་དགུན་བརྒལ་ཆུ་བྱ་དུས་མཉམ་བརྟག་དཔྱད་བྱ་བའི་མཉམ་འབྲེལ་བརྟག་དཔྱད་ཚོ་ཆུང་གིས་སོ་སོར་ཧའེ་ཧུའུ་བརླན་ས་དང་། པེ་ཁྲོན་བརླན་ས། ཉིང་ཧུའུ་བརླན་ས་བཅས་ཀྱི་དགུན་བརྒལ་ཆུ་བྱའི་རིགས་དང་། གྲངས་འབོར་ལ་བརྟག་དཔྱད་བྱས་པར། ཁྱོན་སྡོམ་དགུན་བརྒལ་བྱ་རིགས་ཁག6དང་ཚན6རིགས19བཅས་བྱ་རིགས635ཟིན་ཐོར་བཀོད་ཡོད། དེའི་ཁྲོད། ཧའེ་ཧུའུ་བརླན་སར་ཁག3ཚན3རིགས6བཅས་བྱ་རིགས31དང་།པེ་ཁྲོན་བརླན་སར་ཁག4དང་ཚན4རིགས9བཅས་བྱ་རིགས216དང་། ཉིང་ཧུའུ་བརླན་སར་ཁག3ཚན3རིགས13བཅས་བྱ་རིགས388ཡོད་ལ། ཁྱབ་ཚུལ་ཆེས་མང་བའི་བྱ་རིགས་ནི་སོ་སོར་ཆུ་བྱ་ཨིར་མོ158དང་། གག་པ་མཆུ་སེར142དང་། གག་པ་གསེར་འཛིན50བཅས་ཁྱོན་སྡོམ་ཆུ་བྱའི་རིགས19ཟི་ལིང་དུ་དགུན་བརྒལ་བཞིན་ཡོད།
ཟི་ལིང་ཙོང་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་འཛུགས་སྐྲུན་བྱས་པའི་ཚུན་ལ། སྤྱི་གླིང་གི་བརླན་སའི་རྒྱ་ཁྱོན་སྤྱི་ཆིང241.41ནས་སྤྱི་ཆིང329བར་འཕར་བ་དང་། བརླན་སའི་ཚད47.5%ནས64.67%བར་མཐོ་རུ་ཕྱིན་ཡོད། བརླན་སའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་ནུས་ལྡན་ཐོབ་ཡོད་པ་དང་། གླིང་ཁུལ་གྱི་རི་སྐྱེས་རྩི་ཤིང་སྣ་ཁ103ནས་སྣ་ཁ146བར་ཇེ་མང་དུ་ཕྱིན་ཡོད་པ་དང་། རི་སྐྱེས་སྒལ་རུས་ཅན་གྱི་སྲོག་ཆགས་རིགས71ནས་རིགས187བར་ཇེ་མང་དུ་འཕེལ་ཡོད་ལ། ལྷག་པར་འདབ་ཆགས་རིགས19ནས་རིགས152བར་འཕར་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་ནུས་ལྡན་ཐོབ་སྟེ། ཟི་ལིང་ཙོང་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་དེ་མཚོ་སྔོན་མཐོ་སྒང་གི་དུས་བྱ་གནས་སྤོ་བྱ་ཡུལ་དང་རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་བྱ་ཡུལ་དུ་གྱུར་ཡོད། །