རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་མགོ་གྲངས200ལོན་པའི་འབྲོང་ཁྱུ་ཆེ་ཤོས་ཤིག་མངོན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2ཚེས17ཉིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཆུ་དམར་ལེབ་རྫོང་གི་ཁོངས་སུ་སྐྱེ་ཁམས་ལྟ་སྲུང་བ་དང་པར་ལེན་མཁན་གྱི་འགན་གཅིག་ལྕོགས་སུ་ཁུར་བའི་ཚེ་རིང་རྡོ་རྗེ་ཡིས་ཉིན་རྒྱུན་གྱི་སྐོར་ཞིབ་ཁྲོད་དུ།  འབྲོང200ལས་བརྒལ་བའི་འབྲོང་ཁྱུ་ཆེ་ཤོས་ཤིག་མཐོང་བ་པར་དུ་བླངས།  ཚུལ་དེས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ལ་གསོན་ཤུགས་རྒྱས་པའི་རྣམ་པ་ཉམས་དགའ་བ་དེ་མངོན་ཡོད་པར་མ་ཟད།  ཉེ་བའི་ལོ་རིང་ལ་མཚོ་སྔོན་གྱིས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱས་པའི་ཕྱོགས་ལ་གྲུབ་འབྲས་མངོན་གསལ་ཐོབ་པའང་མཚོན་ཡོད།

འབྲོང་ནི་མདོ་དབུས་མཐོ་སྒང་དུ་གནས་པའི་སྲོག་ཆགས་རིགས་ཤིག་ཡིན་ཞིང་། རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་དང་པོའི་སྲོག་ཆགས་ཀྱང་རེད།  དུས་རྒྱུན་ས་བབ་སྨི3000ཡན་ནས་སྨི6000གི་ས་མཐོའི་རྩྭ་ཐང་དང་རི་ཀླུང་ཐང་རྒོད་དུ་འཚོ།   གྲང་ངར་དང་ལྟོགས་སྐོམ་བཟོད་ཐུབ་པའི་ཁྱད་གཤིས་ཐུན་མིན་ཞིག་ལྡན།  རྒྱལ་ཁབ་སྤྱི་གླིང་དེར་འབྲོང་ཁྱུ་འཕེལ་ཚུལ་བཟང་དོན་ནི་ཡུལ་དེར་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་སྣོད་བཅུད་ཁོར་ཡུག་གི་དགེ་མཚན་ཡོངས་སུ་ཚང་བ་ལ་རག་ལས།   ཚེ་རིང་རྡོ་རྗེ་ཡིས་བླངས་པའི་བརྙན་ལས་འབྲོག་ཁྱུ་ཆེ་ཤོས་དེ་ཡངས་པའི་རྩྭ་ཐང་གི་གཞི་ན་བགས་སུ་རྒྱུ་ཞིང་།  ལན་རེར་མགོ་བོ་སྨད་དེ་རྩྭ་ཟ་བ་དང་།  ལན་རེར་མགོ་བོ་རྒྱས་ཏེ་རྒྱང་རིང་ལ་ལྟ་བ་སོགས་རང་བྱུང་དང་འཆམ་མཐུན་མཉམ་གནས་ངང་འཚོ་བའི་ལྷིང་འཇགས་ཀྱི་གཟུགས་བརྙན་ཞིག་ངང་གིས་འཆར་ཡོང་།

རང་ཞིང་གི་རི་སྐྱེས་སྲོག་ཆགས་ཀྱི་འབྲེལ་ཡོད་ཆེད་མཁས་པས་འདི་སྐད།  འབྲོང་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།  སྐྱེ་ཁམས་དོ་མཉམ་རྒྱུན་འཁྱོངས་ཀྱི་ཕྱོགས་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད།   འབྲོང་གི་འགུལ་སྐྱོད་དེ་ས་རྒྱུའི་གྲུབ་སྟངས་ལེགས་སྒྱུར་ལ་རམ་འདེགས་དང་།  རྩི་ཤིང་གསར་སྐྱེས་ལ་སྐུལ་འདེད་ཐུབ་པར་མ་ཟད།  རི་སྐྱེས་སྲོག་ཆགས་གཞན་དག་ལ་གཟན་དང་བསྟི་གནས་ཤིག་མཁོ་འདོན་བྱེད་ཐུབ། ལྷག་པར་དུ་འབྲོང་ཡོད་པ་དེ་ལས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་དང་བདེ་ཐང་ཆུ་ཚད་ལེགས་པ་ཡང་མངོན་ཐུབ་པས།   འབྲོང་གི་རིགས་ཁྱུའི་གྲངས་འབོར་འཕེལ་བ་དང་བསྟུན་ནས་སྤྱི་གླིང་གི་སྐྱེ་ཁམས་མ་ལག་གི་གཏན་འཇགས་རང་བཞིན་སྔར་ལས་ཇེ་ཆེ་ཇེ་ལེགས་སུ་ཕྱིན་ཡོད་ཟེར། 

འབྲོང་གི་སྐྱེ་འཕེལ་དུས་ཡུན་ཅུང་རིང་སྟེ།  དུས་རྒྱུན་ལོ2ནས3ནང་བེའུ་ཕྲུག་ཐེངས་གཅིག་བཙའ་བ་ཡིན་ལ།  སྤྱིར་བཏང་སྟོན་དུས་བེའུ་འཛིན་པ་དང་། ཧ་ལམ་ཟླ་བ9འགོར་བའི་ལོ་ཕྱི་མའི་དཔྱིད་ཀར་བེའུ་བཙའ་བ་རེད།  འཕེལ་ཁ་ཅུང་དལ་བའི་དབང་གིས་རིགས་ཁྱུའི་གྲངས་འབོར་འཕེལ་ཚད་ཀྱང་ཅུང་དལ། ཉེ་བའི་ལོ་རིང་ལ།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་བྱེད་ཐབས་ལ་ཤུགས་བསྣན་པ་བསྟུན་ནས་དེའི་འཚོ་གནས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་ཞིང་།  གྲངས་འབོར་ཡང་རིམ་བཞིན་སླར་གསོ་བྱུང་།

ཉེ་བའི་ལོ་ཚུན་ལ།   མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཕྱོགས་ལ་ཕན་འབྲས་མངོན་གསལ་བླངས་ཡོད།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྤྱི་གླིང་གིས“གནམ་ས་གཞི་གཅིག་ཅན”གྱི་ཚད་འཇལ་མ་ལག་བཙུགས་པ་ལ་བརྟེན་ནས་སྐྱེ་ཁམས་ཀྱི་ས་ཁོངས་གལ་ཆེན་ལ་ཕྱོགས་ཡོངས་ནས་དུས་སུ་ལྟ་ཞིབ་ཚད་ལེན་བྱེད་ཐུབ། བྱེད་ཐབས་དེས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་ཕན་ཕྱོད་དང་ཡང་དག་རང་བཞིན་ཇེ་མཐོར་ཕྱིན་པའི་མི་ཚད།   རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་ཁོར་ཡུག་དོ་དམ།  ཚན་རིག་ཞིབ་འཇུག་བཅས་ལ་རྒྱབ་སྐྱོར་ནུས་ལྡན་ཐུབ་ཡོད། གཞན་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་གིས་སྣོད་བཅུད་སླར་གསོ་དང་། སྡོད་ཁུལ་ནང་ཞུགས་སོགས་བྱེད་ཐབས་དུ་མ་བརྒྱུད་དེ་སྐྱེ་ཁམས་མ་ལག་སླར་གསོ་དང་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུའི་སྐྱེ་འཕེལ་ལ་སྐུལ་འདེད་བཏང་།

སྲུང་སྐྱོབ་བྱེད་ཐབས་རབ་དང་རིམ་པའི་སྐུལ་སྤེལ་ལ་བརྟེན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུའི་གྲངས་འབོར་ཇེ་མང་ནས་ཇེ་མང་ཕྱིན།  འབྲོག་ལས་གཞན་ད་དུང་གཙོད་ཀྱི་གྲངས་འབོར་ཡང་དུས་རབས20བའི་ལོ་རབས80བར་གྲངས་འབོར་ཁྲི2ལ་བསླེབ་མེད་པ་ནས་སླར་སོས་ཏེ་ད་ལྟའི་ཁྲི7ལྷག་ལ་བསླེབས་ཡོད།  གཞན་གསའ་དང་གཟིག   ཁྲུང་ཁྲུང་སྐེ་ནག་ལ་སོགས་སྟོངས་ལ་ཉེ་བའི་སྲོག་ཆགས་རྩ་ཆེའི་རིགས་ཀྱང་ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་སུ་རྒྱུན་དུ་མཐོང་ཐུབ་ཀྱི་ཡོད།

ཐེངས་འདིར་མགོ་གྲངས200ལ་བསླེབས་པའི་འབྲོང་ཁྱུ་ཆེ་ཤོས་རྒྱལ་ཁབ་སྤྱི་གླིང་དེར་མངོན་པ་དེས་ཡུལ་དེའི་སྐྱེ་ཁམས་སྲུང་སྐྱོབ་གི་ལས་ཀར་ཁས་ལེན་བྱེད་ཐུབ་པར་མ་ཟད།  མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་ལ་འགྲེལ་བ་གསལ་བོ་ཞིག་བརྒྱབ་ཡོད། རང་ཞིང་གིས་མུ་མཐུད་དུ་སྐྱེ་ཁམས་སྲུང་སྐྱོབ་ལ་མུ་མཐུད་དུ་ཤུགས་བརྒྱབ་ཏེ།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏ་ནས་རི་སྐྱེས་སྲོག་ཆགས་ལ་སྔར་ལས་བདེ་འཇགས་ཡིན་ཞིང་། བདེ་ཐང་ཡིན་པའི་བསྟི་གནས་ཁོར་ཡུག་ཅིག་འདོན་སྤྲོད་བྱ་རྒྱུ་རེད། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།