སྐྱེ་ཁམས་ཀྱི་ནུས་པ་ཆེ་ཤོས་ཧུར་ཐག་གིས་མངོན་འགྱུར་བྱ་དགོས།

ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།

--ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས་སྤེལ་བའི་དཔྱད་བརྗོད།

“མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་མ་ལག་ཕུན་སུམ་ཚོགས་ཤིང་སྣ་མང་ཡིན་ལ་ཧ་ཅང་ཉམས་ཞན་ཡང་ཡིན་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་བྱས་ནས་སྐྱེ་ཁམས་ནུས་པ་ཆེ་རུ་ཡོང་བ་བྱ་རྒྱུ་ནི་ས་ཁོངས་འདིའི་ལས་འགན་གཙོ་བོ་ཡིན། ”ད་ལོའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ལས་མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཤུགས་ཚད་ཆེ་རུ་བཏང་ནས་སྐྱེ་ཁམས་ཀྱི་ནུས་པ་ཆེ་རུ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། བཀོད་སྒྲིག་འདིས་ང་ཚོར་ངེས་པར་དུ་ཆབ་སྲིད་ཀྱི་འགན་འཁྲི་དམ་འཛིན་བྱེད་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་གནས་བབ་ཀྱི་གལ་ཆེའི་རང་བཞིན་དང་སྐྱེ་ཁམས་མ་ལག་གི་ཚོར་སྐྱེན་དང་ཉམས་ཞན་རང་བཞིན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱུན་མཐུད་རང་བཞིན་བཅས་ལ་གཅིག་གྱུར་གྱིས་བསམ་གཞིགས་བཏང་སྟེ། སྐྱེ་ཁམས་ཀྱི་ནུས་པ་ཆེ་ཤོས་ཀྱི་རྩ་བ་སྲ་བརྟན་དུ་གཏོང་བ་དང་ཡུན་རིང་ལ་ཕན་པ། རྒྱལ་ཡོངས་ལ་ཕན་འབྲས་ཐོབ་པ་བཅས་མངོན་འགྱུར་བྱས་ཏེ།“ཀྲུང་ཧྭའི་ཆུ་མཛོད”མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཆེས་རྩ་ཆེའི་ཁྱིམ་ཚང་གི་རྒྱུ་ནོར་སྲུང་སྐྱོབ་ལེགས་པོ་བྱེད་པ།  ངེས་པར་དུ་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། ཐཱན་ཉུང་གཏོང་དང་སྦགས་བཙོག་ཉུང་གཏོང་། ལྗང་མདོག་ཆེ་རུ་གཏོང་བར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་ལྗང་མདོག་ཅན་དུ་ཚུལ་སྒྱུར་བྱེད་པར་ཤུགས་བསྣན་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་སྟེང་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་ལམ་བུ་དེ་མཐོ་སྒང་གི་ས་ཆེན་འདི་ནས་སྔར་ལས་ཡངས་ཤིང་རྒྱ་ཆེ་རུ་གཏོང་དགོས།

སྐྱེ་ཁམས་ཀྱི་ནུས་པ་ཆེ་ཤོས་ཧུར་ཐག་གིས་མངོན་འགྱུར་བྱེད་དགོས་ན། ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་པ་དང་།  ལས་འགན་ལྕི་མོ་དཔའ་ངར་ཆེན་པོས་ཕྲག་ཏུ་ཁུར་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་ཚན་རིག་གི་གནས་གཏན་འཁེལ་དང་ཆབ་སྲིད་ཀྱི་མངགས་བཅོལ། འཕེལ་རྒྱས་ཀྱི་རེ་བ་ཆེན་པོ། འབད་བརྩོན་གྱི་སྐུལ་ལྕག་བཅས་ གསོན་ཉམས་ལྡན་ཞིང་ཡུན་རིང་གི་ལག་ལེན་དུ་བསྒྱུར་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོ་འཛུགས་དགོས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་འབྱུང་བར་སྐུལ་འདེད་གཏོང་བ་དང་།  “ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་ཐིག་གཏན་འཁེལ་བྱེད་པ་དང“དེ་ལས་གལ་ཆེ་བ་གསུམ་”གྱི་འཐབ་ཇུས་གནས་བབ་ཁོང་དུ་དམ་པོར་ཆུད་པ། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་དང་ཞབས་འདེགས་ཞུ་བར་དམ་པོར་དམིགས་པ་དང་། སྐྱེ་ཁམས་ཤེས་རིག་གི་མཐོ་ས་འཛུགས་སྐྲུན་བྱ་རྒྱུ་གཞི་རྟེན་དུ་བྱས་ཏེ་སྐྱེ་ཁམས་ཤེས་རིག་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས།  ཐོན་ལས“གནས་བཞི”མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་བསྐྱོད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ།“རི་གཉིས”བསྒྱུར་བའི་བགྲོད་ལམ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ལམ་སྲོལ་གཏིང་ཟབ་སྒོས་གསར་གཏོད་བྱེད་པ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་དེ།  སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་བཅས་གཅིག་གྱུར་ཡོང་བར་བྱས་ཏེ།“ཀྲུང་ཧྭའི་ཆུ་མཛོད”ཉིན་རེ་བཞིན་སྲ་བརྟན་དང་ཕུན་སུམ་ཚོགས་པར་ཁག་ཐེག་བྱ་དགོས། སྐྱེ་ཁམས་ཀྱི་བྱེད་ནུས་ཆེ་ཤོས་མངོན་འགྱུར་བྱེད་པར་དམིགས་ནས་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱས་ཏེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ཐད་འབད་བརྩོན་གྱིས་སྔར་ལས་ཡར་རྒྱས་ཆེན་པོ་ཡོང་བར་བྱས་ཏེ། རི་སྔོ་ཆུ་དྭངས་དེ་དངོས་སུ་མཚོ་སྔོན་གྱི་ལེགས་ཆ་ཆེ་ཤོས་དང་སྤོབས་པ་ཆེ་ཤོས་སུ་འགྱུར་བ་དང་། མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྨང་གཞི་སྔར་ལས་ལྗང་མདོག་དང་སྤུས་ཚད་སྔར་ལས་མཐོ་བ་ཡོང་བར་བྱ་དགོས།

ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཀྱི་ནུས་པ་ཆེ་རུ་ཡོང་བ་མངོན་འགྱུར་བྱ་དགོས་ན། ངེས་པར་དུ་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་དགོས། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བྱེད་པའི་བྱ་སྤྱོད་རྩ་གནད་སྒྲིག་བཟོ་བྱས་ཏེ།  རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བྱེད་པའི་རྒྱབ་སྐྱོར་མ་ལག་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དཔེ་མཚོན་གཏོད་དགོས། ས་ཁོངས་དབྱེ་བ་དང་ཁྱད་པར་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལ་གནད་ལ་འཁེལ་བའི་དོ་དམ་ཚོད་འཛིན་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་དུས་དང་བར་སྟོང་ཡོངས་ཀྱི་ལྟ་ཞིབ་ཚད་ལེན་དང་འབྲེལ་ཐག་ཡོངས་ཀྱི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་བཏང་སྟེ། རྒྱུན་ལྡན་ཅན་གྱི་ལྟ་སྐུལ་དོ་དམ་དང་འགན་འཁྲི་བདའ་འདེད་ལམ་སྲོལ་བེད་སྤྱོད་གཏིང་ཟབ་བྱས་ནས། ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་གི་རྣམ་པ་ཆེན་པོ་འཛུགས་དགོས། རི་ཆུ་ནགས་ཚལ་དང་ཞིང་ས་མཚེའུ། རྩྭ་དང་བྱེ་མ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁོངས་ལྗང་སྒྱུར་བྱ་བར་གྲུབ་འབྲས་གསར་པ་ཐོབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱེད་པ། གནམ་གཤིས་ཀྱི་འགྱུར་ལྡོག་དང་འཚམ་པའི་མཚོ་སྔོན་གྱི་འགུལ་སྤྱོད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ནམ་མཁའ་སྔོ་ཞིང་ཆུ་བོ་དྭངས་པ། ས་གཞི་གཙང་བ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་མུ་མཐུད་དུ་བརྒྱབ་ནས།  ངེས་པར་དུ་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས། ནུས་ཤུགས་ཆེན་པོས་ཐཱན་མེད་གླིང་ཁུལ་འཛུགས་སྐྲུན་དང་།ནུས་ཁུངས་ཟད་གྲོན་གཉིས་ཚོད་འཛིན་གྱི་མཇུག་སྒྲིལ་དམག་འཐབ་ལེགས་པོར་བརྒྱབ་སྟེ། ལྗང་མདོག་འཛུགས་སྐྲུན་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བ། གྲོང་ཁྱེར་གྱི་སྤྱི་པའི་ཞབས་ཞུའི་རླངས་འཁོར་གློག་སྒུལ་ཅན་གྱི་ཚབ་བྱེད་ལ་སྐུལ་འདེད་གཏོང་བ། ཐཱན་མེད་སྡེ་ཁུལ་དང་ཐཱན་མེད་གྲོང་གསེབ་ཁག་ཅིག་བསྐྲུན་པ། སྐྱེ་ཁམས་མ་ལག་གི་ཐཱན་བསྡུ་ལེན་ནུས་པ་སྲ་བརྟན་དང་མཐོར་འདེགས་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ། དམངས་ཡོངས་ཀྱི་ལྗང་མདོག་དང་ཐཱན་ཉུང་བྱ་སྤྱོད་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་མྱུར་དུ་སྐུལ་འདེད་བཏང་སྟེ། མཛེས་སྡུག་ལྡན་པའི་ཀྲུང་གོ་དང་ཀྲུང་ཧྭ་མི་རིགས་ཡུན་རིང་འཕེལ་རྒྱས་གཏོང་བར་མཚོ་སྔོན་གྱི་སྟོབས་ཤུགས་ཆེན་པོ་འབུལ་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།