ཉེ་ཆར་སྐྱེ་ཁམས་ཁོར་ཡུག་པུའུ་ས་རྒྱུའི་སྐྱེ་ཁམས་ཁོར་ཡུག་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་ཆར་པར་འགྲེམས་བྱས་པའི《མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལག་བསྟར་ཇུས་གཞིའི》ནང་གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཕྱོགས་ཡོངས་ནས་ཇེ་ལེགས་སུ་གཏོང་བ་སོགས་ཕྱོགས་བཞིའི་གཙོ་གནད་ལས་འགན་ཁ་གསལ་བཟོས་ནས། གྲོང་གསེབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་རེད།
ལག་བསྟར་ཇུས་གཞིའི་ནང་། 2027ལོར་བསླེབ་སྐབས་མཛེས་སྡུག་ལྡན་པའི་གྲོང་གསེབ་རྫོང་ཁོངས་ཧྲིལ་པོར་བསྐྲུན་རྒྱུའི་བསྡུར་ཚད40%ཟིན་རྒྱུ་དང་། 2035ལོར་བསླེབ་སྐབས་མཛེས་སྡུག་ལྡན་པའི་གྲོང་གསེབ་གཞི་རྩའི་ཆ་ནས་བསྐྲུན་ནས། མང་ཚོགས་རྣམས་ལ་མི་དང་སྲོག་ཆགས་མཉམ་གནས་དང་མཛེས་ལྗོངས་ལྟ་ན་སྡུག་པ་བསྐྲུན་ནས། གྲོང་གསེབ་དེ་བདེ་སྡོད་སྤྲོ་སྣང་གི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཞིག་ཏུ་འགྱུར་བར་བྱ་དགོས་པ་བཏོན་ཡོད།
མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱ་ཆེད། ལག་བསྟར་ཇུས་གཞིའི་ནང་གཙོ་གནད་ལས་འགན་ཕྱོགས་བཞི་བཏོན་ཡོད་པ་སྟེ།
གཅིག་ནི་རང་རང་གི་མཛེས་སྡུག་དང་མཛེས་སྡུག་མཉམ་སྤྱོད་བྱེད་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་འཛུགས་དགོས། རྫོང་ཧྲིལ་པོར་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ཏེ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དེ་ས་ཁོངས་ཡོངས་ལ་ཁྱབ་པར་རིམ་བཞིན་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་བར་སྟོང་ཇུས་འགོད་དང་རྣམ་པར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས། མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་རྣམ་པ་གཏོད་དགོས། ས་གནས་ཀྱི་ཁྱད་ཆོས་དང་མཐུན་པའི་དམིགས་ཚད་མ་ལག་བཟོས་ནས་རིམ་བཞིན་ཚབ་འཇུག་རིམ་སྤོར་བྱ་དགོས།
གཉིས་ནི་གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་བཅོས་བྱ་དགོས། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་ལ་རིམ་བཞིན་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བཅོས་སྐྱོང་ནུས་ལྡན་བྱས་ཏེ། གྲོང་གསེབ་ཀྱི་ཆུ་ནག་དྲི་ངན་དང་གཞི་ཁྱོན་ཅུང་ཆེ་བའི་རིགསVཡི་ཆུ་གཟུགས་གཞི་རྩའི་ཐོག་མེད་པར་བཟོ་དགོས། ཕྱུགས་རིགས་དང་ཁྱིམ་བྱའི་གསོ་སྤེལ་གྱི་ཨན་སོགས་དྲི་ངན་བཅོས་སྐྱོང་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱིས་ཚུར་སྣང་དྲག་པོ་བྱུང་བའི་དྲི་ངན་དང་བཙོག་ཆུ་སོགས་དམངས་ལ་བར་ཆད་བཟོ་བའི་གནད་དོན་ལ་ཞིབ་བཤེར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་ས་ཆུ་ཤོར་བར་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ། སྐྱེ་ཁམས་གཙང་སྦྲའི་འབབ་རྒྱུད་ཆུང་ཆུང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། གྲོང་གསེབ་ཀྱི་རང་བྱུང་སྐྱེ་ཁམས་ལ་ཡུན་རིང་སྲུང་སྐྱོང་བྱ་དགོས།
གསུམ་ནི་ཞིང་ལས་ལྗང་མདོག་དང་ཐཱན་དམའ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཞིང་སྤྱོད་ས་ཆའི་ས་རྒྱུ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དུས་རིམ་དབྱེ་ནས་ཞིང་སྤྱོད་ས་ཆའི་ས་རྒྱུའི་ལྕགས་རིགས་ཀྱི་སྦགས་བཙོག་འབྱུང་ཁུངས་རྗེས་འདེད་དང་བཅོས་སྐྱོང་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་གསོ་སྤེལ་དང་བདེ་ཐང་གསོ་སྤེལ་ལ་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཕྱུགས་རིགས་དང་ཁྱིམ་བྱའི་ལུད་བཙོག་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཞིང་ལས་ཀྱི་འགྱིག་སྐྱི་ཚན་རིག་དང་མཐུན་པའི་སྒོ་ནས་བེད་སྤྱོད་དང་ཐག་གཅོད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གཙོ་གནད་ས་ཁོངས་ཀྱི་ཞིང་ལས་ཀྱི་ངོས་ཁུངས་སྦགས་བཙོག་མ་ལག་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
བཞི་ནི་གྲོང་གསེབ་ཀྱི་བདེ་སྐྱིད་དང་འཚོ་སྡོད་ལ་འོས་པའི་སྤུས་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་དགོས། གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེ་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གསང་སྤྱོད་དོ་དམ་སྲུང་སྐྱོང་ལམ་སྲོལ་མུ་མཐུད་དུ་འཐུས་ཚང་དུ་གཏོང་དགོས། གྲོང་གསེབ་ས་ཁུལ་གྱི་ནུས་ཁུངས་གཙང་མའི་ཚབ་བྱེད་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། གྲོང་གསེབ་སྔོ་ལྗང་མཛེས་བཟོ་ལག་བསྟར་གཏིང་ཟབ་བྱས་ཏེ། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་གྲོང་གསེབ་ཀྱི་ལྗང་སྒྱུར་བྱེད་ཚད་མང་དུ་གཏོང་དགོས། །